ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཚོའི་ཞུ་སྐུལ།
2012.04.03
༄༅༎ལྷོ་ཨཕ་རི་ཀའི་ཡེ་ཤུའི་ཆོས་དཔོན་ཨརྖ་བི་ཤོབ་ཌེསེ་མོནཌ་ཀྲུ་ཀྲུ་མཆོག་དང། ཤར་ཏི་མུར་གྱི་སྲིད་འཛིན་ཇོ་སེ་ར་མོསི་ཧོར་ཏ་སོགས་ནེ་བེལ་ཞི་བདེ་དང་དེ་མིན་གྱི་ནོ་བེལ་བྱ་དགའ་བཞེས་མཁན་བཅུ་གཉིས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏའོ་ལ་བོད་མིའི་ཆེ་ཐོངས་ལ་གུས་བརྩི་དགོས་པ་དང༌། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་དེ་མིན་གྱི་བོད་མིའི་དབུ་འཁྲིད་ཚོ་དང་ལྷན་དུ་དོན་ཕན་སོན་པའི་གྲོས་མོལ་གནང་དགོས་རྒྱུའི་ཡོངས་ཁྱབ་ཞུ་ཡིག་ཞིག་གནང་འདུག།
དེ་ཡང་ཕྱི་ཟླ་ ༤ ཚེས་ ༣ ཉིན་ ནོ་བེལ་བྱ་དགའ་བཞེས་མཁན་བཅུ་གཉིས་ཀྱི་མཚན་ཐོག་ནས་རྒྱ་ནག་གི་སྲིད་འཛིན་ལ་ཕུལ་བའི་ཞུ་ཡིག་དེའི་ནང༌། བོད་མི་ཚོས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་འཐོབ་རྒྱུར་གྲོས་མོལ་དང་གྲོགས་པོའི་རོགས་རམ་ལ་བརྟེན་པའི་ཐབས་ལམ་ཞིག་ཆེད་མངགས་བདམས་ཡོད་ཀྱང༌། ད་ཆ་ཁོང་ཚོས་ངོ་རྒོལ་གྱི་ཐབས་ལམ་ཞིག་ཏུ་ཞུགས་བཞིན་ཡོད་པ་རེད། བོད་མི་ཚོས་དཀའ་སྡུག་མྱོང་བཞིན་པའི་རྣམ་འགྱུར་དེ་རང་ལུས་མེར་བསྲེགས་བཏང་པའི་འུ་ཐུག་ཐབས་ཀྱི་བྱེད་ལུགས་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐོག་ནས་སེམས་འཚབ་བྱེད་བཞིན་ཡོད་པ་དང༌། རྒྱ་ནག་གཞུང་ཕྱོགས་ནས་བོད་མི་ཚོའི་འབོད་སྒྲ་དེ་གོ་ཐུབ་པ་དང༌། ཁོང་ཚོའི་དཀའ་ངལ་ཤེས་རྟོགས་ཐུབ་པའི་ཐོག་ནས་ཞི་བའི་ཐབས་ལམ་ཞིག་འཚོལ་དགོས་ཀྱི་རེད་ཅེས་གསུངས་འདུག།
ད་དུང་ནོ་བེལ་བྱ་དགའ་བཞེས་པ་པོ་དེ་དག་གིས་རྒྱ་ནག་གི་སྲིད་འཛིན་ལ་ཕུལ་བའི་ཞུ་ཡིག་དེའི་ནང༌། དེ་ལྟ་བུའི་ཐབས་ལམ་ཞིག་ང་ཚོའི་སྤུན་གྲོགས་ཏཱ་ལའི་བླ་མ་མཆོག་ནས་བཏོན་གནང་ཡོད་ཅིང༌། ཁོང་གིས་དུས་ནམ་ཡང་ཁ་བྲལ་རྩོད་གནང་མེད་ལ། དུས་རྟག་ཏུ་ཞི་བའི་ལམ་འབའ་ཞིག་ལ་བརྟེན་ནས་འབད་བརྩོན་་གནང་ཡོད་པ་རེད། དེར་བརྟེན་ང་ཚོས་རྒྱ་ནག་གཞུང་ལ། ཁོང་ནས་དོན་ཕན་སོན་པའི་གྲོས་མོལ་འབྱུང་རྒྱུའི་ཐབས་ལམ་བཏོན་གནང་པ་དེའི་གོ་སྐབས་དེ་ངེས་པར་བཟུང་དགོས་པའི་ཛ་དྲག་གི་སྐུལ་མ་ཞུ་རྒྱུ་ཡིན་ལ། དེང་སྐབས་ཛ་དྲག་གི་དོན་རྐྱེན་འབྱུང་ཡུལ་གྱི་རྩ་བའི་གནད་དོན་ཐད་གྲོས་མོལ་བྱེད་དགོས་པར་མ་ཟད། བོད་མིའི་ཆེ་ཐོངས་དང་རྒྱ་ནག་གཅིག་བསྒྲིལ་གྱི་གནས་བབ་ལ་ཡང་གུས་བརྩི་དགོས་ཀྱི་རེད་ཅེས་གསུངས་འདུག།
ལྷག་པར་དུ་ནོ་བེལ་བྱ་དགའ་བཞེས་མཁན་དེ་དག་གིས། རྒྱ་ནག་གཞུང་ལ་ གང་བྱུང་འཇུ་བཟུང་བྱས་པའི་བོད་མི་དེ་དག་གློད་གྲོལ་དགོས་པ་དང༌། ཞི་བའི་ངོ་རྒོལ་བྱེད་མཁན་གྱི་བོད་མི་དེ་དག་གི་ཐོག་འཇིགས་སྣང་བསྐུལ་བ་དང༌། དྲག་རྩུབ་བྱེད་པ། འཇུ་བཟུང་བྱེད་བཞིན་པ་སོགས་མཚམས་འཇོག་ཡོང་བའི་འབོད་བསྐུལ་ཞུས་པ་སྦྲགས། དམ་བསྒྲགས་མེད་པའི་ཐོག་ནས་བོད་ནང་གསར་འགོད་པ་དང་ཕྱི་རྒྱལ་གཞུང་ཚབ་ཁང་གི་མི་སྣ་ དེ་བཞིན་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་མི་སྣ་ཆེད་གཏོང་བྱེད་པའི་ཐོག་བོད་མིའི་ཆོས་དད་རང་དབང་གི་ཐོབ་ཐང་སྲུང་སྐྱོབ་དགོས་པ་ཡང་གསུངས་འདུག།
རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏའོར་ཡོང་ཁྱབས་འབོད་སྐུལ་གྱི་ཕྱག་བྲིས་ཕུལ་མཁན་ནོ་བེལ་བྱ་དགའ་བཞེས་མཁན་བཅུ་གཉིས་པོ་དེ་དག་ནི། ལྷོ་ཨཕྷ་རི་ཀའི་ཡེ་ཤུའི་རྣམ་དག་ཆོས་ལུགས་ཀྱི་ཨརྖ་བི་ཤོབ་ཀྲུ་ཀྲུ་མཆོག་དང༌། ཇོ་ཌི་ལྦི་ལི་ཡེམ་སི། རི་གོ་སྦར་ཊ་མེན་ཆུ་ཏམ། ཧོ་སེ་རཱ་མོ་སེ་ཧོར་ཊ། ལེ་མ་གསྦོ་ལྦི། ཨ་ཌོ་ཕོ་པེ་རེཛ་ཨེསེ་ཀེ་ལྦེལ། ཤིརིན་ཨེ་སྦ་ཌི། ལེཀ་ལྦ་ལེ་ས། མེ་རིཡེདྲ་ཀོ་རི་གེན་མ་གུ་ལྦ་ཡར། ཇོན་ཧུམ། སྦེ་ཊི་ལྦི་ལི་ཡེམ་སི། དང་ ཁའར་ལོ་སེ་སྦེ་ལོ་བཅས་ཡིན་ཞིང༌། མཐའ་དོན་དུ་ཁོང་རྣམ་པས་ཞུ་ཡིག་དེའི་ནང༌། གལ་ཏེ་རྒྱ་ནག་གཞུང་གིས་གསར་འགོད་པ་ཆེད་གཏོང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་རྟོག་ཞིབ་མི་སྣར་དམ་བསྒྲགས་གང་ཡང་མེད་པའི་ཐོག་ནས་ཆེད་གཏོང་གནང་ཚེ་རྒྱལ་སྤྱིའི་སྤྱི་ཚོགས་བློ་བདེ་ཡོང་རྒྱུ་དང༌། གལ་ཏེ་དེ་ལྟར་མ་འབྱུང་ཚེ་གནས་སྟངས་ཡར་རྒྱས་འགྲོ་ཐུབ་རྒྱུ་མིན་ལ་གོ་སྐབས་ཤིག་ཀྱང་བརླག་སྲིད་པ་རེད་ཅེས་གསུངས་འདུག།