ཤིན་ཅང་ས་ཁུལ་ནང་འབར་རྫས་ཀྱིས་གཏོར་རྒོལ་བྱས་སྐོར།
2008.08.04
༄༅༎རྒྱ་ནག་གཞུང་འབྲེལ་ཤིང་ཧ་གསར་སྤེལ་ཚན་པས་དེ་རིང་སྔ་དྲོ་སྤེལ་བའི་གནས་ཚུལ་གཞིར་བཟུང་ རོཡེ་ཊར་གསར་འགྱུར་ལས་ཁང་གིས་ལུང་འདྲེན་བྱས་གསལ་ལྟར་ན་ པེ་ཅིང་ནང་ ཨོ་ལིམ་པིག་གི་རྩེད་འགྲན་འགོ་ཚུགས་ལ་ཉེ་བར་ཉིན་གྲངས་བཞི་ལས་མེད་པའི་སྐབས་འདིར་ ཨོ་ལིམ་པིག་ལ་འགོག་རྐྱེན་རིགས་མི་ཡོང་བའི་སླད་དུ་ གཞི་རྒྱ་ཆེ་བའི་སྲུང་ཆ་ཤིན་ཏུ་དམ་ཟབ་བྱས་དང་བྱེད་བཞིན་པའི་སྐབས་འདིར་ འབུ་རས་ཚོང་ལམ་འཁེལ་སའི་ཤར་ཏུར་ཀིསི་ཏན་གྱི་གྲོང་ཁྱེར་ཀཤི་གར་ཁུལ་གྱི་ལག་པར་འབར་རྫས་དང་ གྲི་ལ་སོགས་པའི་མཚོན་ཆ་འཁྱེར་བའི་ཡུལ་མི་འགའ་ཞིག་གིས་ས་ཁུལ་གྱི་རྒྱ་མིའི་པུལིསི་ ༡༦ བསད་ཡོད་པ་རེད་ དེ་ནི་གཙོ་བོ་ཁ་ཆེའི་མི་རིགས་ཡིན་ཀྱང་ རྒྱ་ནག་གིས་དབང་བསྒྱུར་བྱེད་བཞིན་པའི་ས་ཁུལ་དེའི་ནང་གི་རྒྱ་ནག་དང་ རྒྱ་ཆེའི་མི་མང་དབར་མི་མཐུན་པའི་འགལ་ཟླ་ཡོད་བཞིན་པའི་གནས་ཚུལ་དེ་ དྲན་གསོ་བཏང་བ་ལྟ་བུ་མཚོན་གྱི་ཡོད་པ་རེད་ཅེས་གནད་དོན་ཞིབ་འཇུག་མཁན་ཚོས་བསམ་ཚུལ་བརྗོད་ཀྱི་ཡོད་པ་རེད་ ཧོང་ཀོང་ནང་རྟེན་གཞི་བྱས་པའི་ རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་བལྟ་ཞིབ་ཞེས་པའི་ཞིབ་འཇུག་མཁན་ ནི་ཀོ་ལ་སེ་ སྦེ་ཁེ་ལིན་ གྱིས་གསུང་དོན་ལྟར་ན་ རྒྱ་ནག་གིས་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀིསི་ཏན་གྱི་ཁྱོན་ལ་ རྒྱ་ནག་གཞུང་གིས་དུས་རྟག་ཏུ་སྲུང་ཆ་ཤིན་ཏུ་བཙན་པོའི་འོག་ཏུ་འཇོག་མུས་ཡིན་རུང་ ཨོ་ལིམ་པིག་འགོ་ཚུགས་ལ་ཉེ་བའི་སྔོན་དེར་བརྩམས་པའི་ལས་འགུལ་དེ་ནི་ ས་ཁུལ་གྱི་མི་མང་ཚོའི་ངོས་ནས་རྒྱ་ནག་གཞུང་ལ་ཕར་རྒོལ་བྱས་པའི་ནུས་ཤུགས་ལྡན་པའི་མཚོན་རྟགས་ཆེན་པོ་ཞིག་ཡིན་པ་རེད་ ཤར་ཏུར་ཀིསི་ཏན་ནང་ ཡུ་གུར་ཟེར་བའི་ཁ་ཆེའི་མི་མང་ས་ཡ་ ༨ འཚོ་གནས་བྱེད་བཞིན་པ་ཡིན་པ་དང་ ས་ཁུལ་གྱི་མི་མང་ཕལ་ཆེ་བས་ ཁོང་ཚོའི་ཆོས་དད་རང་དབང་ཐོག་རྒྱ་ནག་གཞུང་གིས་བཏང་འཛིན་བྱས་པ་དང་ ཁོང་ཚོའི་ས་ཁུལ་ནང་ རྒྱ་ནག་གི་ཧན་མི་རིགས་ཁྱོན་ཆེ་གཞིས་སྤོས་བྱས་པ་སོགས་ལ་མི་དགའ་བའི་འཁོན་འཛིན་བྱེད་མུས་ཡིན་པ་རེད།