ས་འོག་ནས་ཕུང་པོ་༡༧བཏོན་པ།
2013.04.01
༄༅༎མལ་གྲོ་རྒྱ་མ་ཤང་ནང་རི་ཉིལ་ཏེ་གསེར་གྱི་གཏེར་ཁ་སྔོག་མཁན་༨༠་ལྷག་ས་རུད་འོག་མནན་པ་ལས་ད་ཆ་ཕུང་པོ་༡༧་ཕྱིར་བཏོན་ཐུབ་ཡོད་འདུག
རྒྱ་ནག་གསེར་གཏེར་ཚོང་ལས་ཁང་གིས། རྒྱ་མ་ནང་ནས་གཏེར་རིགས་གང་ཡིན་དང༌། ཁ་གྲངས་ཇི་ཙམ་སྔོག་པའི་གསལ་བཤད་དེ་ཙམ་མེད་པར་གཏེར་སྔོག་ནས་ལོ་བཅུ་གྲངས་ཕྱིན་པའི་རྗེས། ཉེ་ཆར་ཕྱི་ཟླ་༣་ཚེས་༢༩་ཉིན་ས་རུད་བརྒྱབ་སྟེ། བོད་མི་གཉིས་དང་དེ་མིན་རྒྱ་ནག་གི་ཞིང་ཆེན་ཁག་ནས་ཡིན་པའི་ལས་མི་༨༣་མི་མང་པོ་ས་འོག་ལ་མནན་པ་དང༌། རྒྱ་ནག་གཞུང་གིས་གལ་ཆེའི་བཀའ་མངག་དང་བོད་རང་སྐྱོང་ལྗོངས་ནས་ཛ་དྲག་གིས་མྱུར་སྐྱོབ་བྱེད་མུས་ཡིན་ལུགས་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་གིས་བརྗོད་འདུག
བོད་གཞུང་ཁོར་ཡུག་སྡེ་ཚན་གྱིས། ད་རེས་རྒྱ་མ་ནང་གི་ས་རུད་བརྒྱབ་པའི་དོན་རྐྱེན་དེ་ནི་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ནང་མཚན་རིགས་དང་མ་མཐུན་པའི་སྒོ་ནས་གཏེར་ཁ་གང་བྱུང་སྡོག་འདོན་བྱས་པ་ལས་བྱུང་ལུགས་འགྲེལ་བརྗོད་བྱས་འདུག
བོད་ཀྱི་རྒྱལ་ས་ལྷ་སའི་ཤར་ཕྱོགས་སུ་གནས་པའི་མལ་གྲོ་རྒྱ་མ་ནི། བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོའི་འཁྲུངས་ཡུལ་ལ་ངོས་འཛིན་བྱེད་ཅིང༌། གནའ་བོའི་དབུས་གཙང་རུ་བཞི་ནས་དབུས་རུ་གི་ཁོངས་སུ་གཏོགས་པ་དང༌། དེ་རྗེས་བོད་ཁྲི་སྐོར་བཅུ་གསུམ་སྐབས་སུ་རྒྱ་མ་ཁྲི་སྐོར་ཞེས་གྲགས་ལ། དེང་སང་རྒྱ་ནག་གཞུང་གིས་ལྷ་ས་གྲོང་ཁྱེར་ཁོངས་མལ་གྲོ་གུང་དཀར་རྫོང་ཁོངས་སུ་བཅུག་ཡོད་པ་རེད།།