རྒྱལ་བ་ཀརྨ་པ་མཆོག་གིས་རྒྱ་ནག་གཞུང་ལ་འབོད་སྐུལ།
2011.05.10
༄༅༎དཔལ་རྒྱལ་བ་ཀརྨ་པ་དབུ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས། བོད་ཀྱི་རྔ་པ་ཁུལ་གྱི་ཛ་དྲག་གི་གནད་དོན་དེ་ཞི་བའི་ཐོག་ནས་སེལ་ཐབས་བྱ་དགོས་པའི་སྐོར་ལ་རྒྱ་ནག་གཞུང་ཕྱོགས་ལ་འབོད་སྐུལ་གནང་ཡོད་པ་རེད།
དེ་རིང་བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་སུ་ཆགས་པའི་ཀརྨ་་པ་མཆོག་གི་བཞུགས་གནས་རྒྱུད་སྟོད་ར་མོ་ཆེ་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སྟེ། ཁ་སྔོན་ཕྱི་ཟླ་ལྔ་པའི་ཚེས་༤ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྔ་བ་ཁུལ་གྱི་བོད་མིའི་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ཏེ་བོད་མི་རྐྱེན་ལམ་དུ་ཕྱིན་པ་དང། བོད་མི་ཚོ་མུ་མཐུད་དྲག་གནོན་འོག་དཀའ་སྡུག་མྱོང་བཞིན་པ་ཚོའི་ཆེད་དུ་དམིགས་བསལ་སྨོན་ལམ་རྒྱ་ཆེ་ཞིག་ཚོགས་གནང་བ་དེ་ནི་བཞུགས་སྒར་དུ་ཡོད་པའི་བོད་པའི་ཚོགས་པ་མི་འདྲ་བ་བཅུ་གཉིས་ཀྱིས་གོ་སྒྲིག་གནང་བ་ཞིག་ཡིན་པ་དང༌། རྒྱལ་བ་རིན་པ་ཆེ་དང་ཀིརྟི་རིན་པ་ཆེ་རྣམ་གཉིས་ཀྱིས་རྒྱ་ནག་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཀིརྟི་དགོན་པའི་ཛ་དྲག་གི་གནས་སྟངས་དེ་ཞི་བའི་ཐོག་ནས་སེལ་ཐབས་ཡོང་བའི་རེ་སྐུལ་གནང་བ་བཞིན་རྒྱལ་བ་ཀརྨ་པ་མཆོག་ནས་ཀྱང་རྒྱ་ནག་གཞུང་ལ་གཅིག་མཚུངས་ཀྱིས་འབོད་སྐུལ་གནང་རྒྱུ་ཡིན་ཞེས་གསུང་ཡོད་པ་རེད། ཁ་སྔོན་ཕྱི་ཟླ་ལྔ་པའི་ཚེས་༢ ཉིན་རྒྱལ་ས་ལྡི་ལིར་རྒྱལ་བ་ཀརྨ་པ་མཆོག་གིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་ཀྱང་། བོད་ནང་གི་བོད་མི་ཚོས་ཞི་བའི་ཐོག་ནས་ངོ་རྒོལ་ལས་འགུལ་རིགས་ཡང་སེ་ཡོང་བ་ནི། བོད་ནང་འགྲོ་བ་མིའི་ཐོབ་ཐང་དང༌། ཆོས་ལུགས་རང་དབང༌། མི་རིགས་ཀྱི་རིག་གཞུང་གི་ངོ་བོ་རྩ་བརླགས་འགྲོ་བཞིན་པ་དེ་ཡིས་བོད་མིའི་སེམས་ཀྱི་རྨ་ཁ་དེ་ཕྱིར་ཐོན་ཡོང་བ་ཡིན་པ་དང༌། རྒྱལ་བ་ཀརྨ་པ་མཆོག་ཀྱང་༢༠༠༠ ལོར་བོད་ནས་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་པ་ནས་བཟུང་རྒྱ་གར་གཞུང་གིས་སྐྱབས་བཅོལ་བཞུགས་ཆོག་པའི་མཐུན་འགྱུར་གནང་བ་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས། རྒྱལ་བ་ཀརྨ་པ་མཆོག་རྒྱ་མིའི་སོ་པ་གང་ཡང་མིན་ཞིང༌། བོད་དེ་ནི་རྒྱ་གར་དམངས་གཙོའི་རྒྱལ་ཁབ་དང་མི་འདྲ་བར་དམར་ཤོག་རྒྱལ་ཁབ་ཀྱི་བཙན་དབང་འོག་ཡོད་སྟབས། རིག་གནས་གསར་བརྗེ་ཟེར་བའི་ལས་འགུལ་གྱི་རྗེས་སུ། བོད་ཀྱི་ཆོས་ལུགས་རེས་མེད་ཀྱི་བླ་ཆེན་ཁག་གཙོས་པའི་བོད་མི་མང་པོ་ཞིག་བོད་ནང་དུ་ཞུགས་ཐབས་མེད་པར་རྒྱ་གར་དུ་བྲོས་བྱོལ་དུ་ཕེབས་དགོས་པ་བྱུང་བའི་རྒྱུ་མཚན་འགྲེལ་བརྗོད་གནང་ཡོད་པ་རེད།