བོད་ཨ་མདོ་རྔ་པ་རྫོང་དུ་བོད་མི་གཉིས་འཛིན་བཟུང༌།
2011.03.18
༄༅༎རྒྱ་ནག་གཞུང་གིས་ཟླ་བ་འདིའི་ཕྱི་ཚེས་༡༦ཉིན་ཨ་མདོ་རྔ་པ་རྫོང་ཁྲིན་ཀན་སྡེ་བའི་ལྷ་མོ་ཚང་གི་ཚེ་རིང་སྐྱིད་དང༌། ཁོང་གི་ནང་དུ་སྡོད་མཁན་ཕུན་ཚོགས་ལགས་གཉིས་འཛིན་བཟུང་བྱས་ཡོད་པ་དང༌། ཚེ་རིང་སྐྱིད་ལ་༢༠༠༨ལོར་སྐྱེས་པའི་ལོ་གསུམ་ལ་སླེབས་པའི་བོུ་རང་དབང་ལྷ་མོ་དང༌། ༢༠༡༠ལོར་སྐྱེས་པའི་ཟླ་བ་དྲུག་ལས་མ་སོན་པའི་བོུ་གངས་ཅན་ལྷ་མོ་གཉིས་བལྟ་སྐྱོང་བྱེད་མཁན་མེད་པར་ལྷག་ཡོད་པ་རེད། ཕྱི་ཚེས་༡༦ཉིན་ཁོང་གི་ཁྱིམ་མཚེས་ཚོས་ཕྲུ་གུ་གཉིས་ཀྱི་ཨ་མ་དང་ཕུན་ཚོགས་ལགས་གཉིས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་གནས་ཚུལ་ཤེས་རྟོགས་བྱུང་འཕྲལ་འབྲེལ་ཡོད་རྒྱ་ནག་གཞུང་གི་ལས་ཁུངས་ལ། ཕྲུ་གུ་གཉིས་ན་ཚོད་ཕྲ་བས་ཁྱིམ་ཚང་དུ་རྒན་པ་བལྟ་སྐྱོང་བྱེད་མཁན་མེད་པས་ཕྲུ་གྲུའི་ཨ་མ་འཕྲལ་དུ་གློད་འགྲོལ་ཡོང་བའི་རེ་འདུན་ཞུས་ཀྱང་གློད་འགྲོལ་བཏང་མེད་པ་མ་ཟད། དེ་མ་བྱུང་ན་ཕྲུ་གུ་གཉིས་ཨ་མ་དང་མཉམ་དུ་ཉར་རོགས་ཞེས་རེ་སྐུལ་ཞུས་པ་ཡང་དང་ལེན་བྱས་མེད་པ་རེད། ཚེ་རིང་སྐྱིད་ཀྱི་བཟའ་ཟླ་ནི། དུས་རབས་ཀྱི་ང་ཞེས་པའི་རྩོམ་པ་པོ་སྐལ་བཟང་སྦྱིན་པ་ལགས་ཡིན་ཞིང༌། ཁོང་ནི་༢༠༡༠ལོའི་ཕྱི་ཟླ་༧པའི་ཚེས་༡༩ཉིན་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་གྱི་ཆབ་སྲིད་ཀྱི་ནག་ཉེས་བཙུགས་ཏེ་འཛིན་བཟུང་བྱས་པ་མ་ཟད། མི་ལོ་གསུམ་གྱི་བཙོན་འཇུག་ཉེས་ཆད་བཏང་ཡོད་པ་རེད།