རྔ་པ་རྫོང་མཐའ་བ་གོང་ནས་བོད་མི་གསུམ་འཛིན་བཟུང༌།
2011.03.24
༄༅༎ཕྱི་ཚེས་༢༢ཀྱི་མཚན་མོ་ཆུ་ཚོད་༡༢ནས་༡པོའི་བར་རྔ་པ་རྫོང་མཐའ་བ་གོང་མ་ནས་ཡིན་པའི་ལོ་༡༦ལ་སླེབས་པའི་མ་སྒྲོལ་དཀར་གྱི་བུ་བློ་བཟང་འཇམ་དབྱངས་རང་ཁྱིམ་ནས་རྒྱ་མིའི་ཉེན་རྟོག་པས་འཛིན་བཟུང་དང་འབྲེལ་སྐབས་དེར་ཁོང་དང་མཉམ་དུ་ཡོད་པའི་དབང་ཕྱུག་དང་བསོད་ནམ་ཟེར་བ་གཉིས་ཀྱང་འཛིན་བཟུང་བཙན་འཁྲིད་བྱས་འདུག དེ་མིན་མཐའ་བ་གོང་འགབ་ཀྱི་སྡེ་བ་གཉིས་ཀྱི་ནང་ནས་ཀྱང་མི་སྐྱ་ཕོ་མོ་མང་པོ་ཞིག་ཕྱི་ཚེས་༢༡དང་༢༢ཉིན་སོ་སོའི་མཚན་མོར་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་འདུག
ཡང་དེའི་གོང་ཕྱི་ཚེས་༢༠ཉིན་རྔ་པ་ཁུལ་གྱི་བོད་མི་ཕལ་མོ་ཆེས་རང་རང་སོ་སོའི་ཁྱིམ་ཚང་ནང་མཆོག་གསུམ་སྤྱང་མངར་མཆོད་མེ་དང་ཡོན་ཆབ་ཕུལ་ནས་བོད་བསྟན་སྲིད་ལ་ཕན་པའི་བཀའ་བློན་ཁྲི་པ་ཞིག་དང་སྤྱི་འཐུས་འོས་འདེམས་ཡོང་བའི་གསོལ་བ་སྨོན་ལམ་བཏབ་ཡོད་པ་དང་། དེའི་མཚན་མོ་རྔ་པ་རྫོང་ཐོག་མཚན་མོ་ཆུ་ཚོད་༣ཙམ་ལ་ཤོག་སྦག་རེ་ཟུང་སྤར་མཁན་བྱུང་ཡོད་སར་གློ་བུར་དུ་རྒྱ་མིའི་དམག་མི་སླེབས་ནས་མི་འགའ་ཤས་འཛིན་བཟུང་བྱས་ཡོད་པ་དང་ དེ་བཞིན་རྔ་པ་ཀིརྟི་དགོན་པའི་ནང་རྒྱ་མིའི་དཔོན་རིགས་ཚོས་དགོན་པའི་དགེ་འདུན་པ་ཚོར་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་ནང་བཙན་བཤད་ཀྱིས་མཉམ་ཞུགས་བྱེད་བཅུག་ཡོད་འདུག།