རྒྱ་གཞུང་གིས་བོད་མི་བཞི་འཛིན་བཟུང་བཙོན་འཇུག་བྱས་པ།
2011.03.06
༄༅༎རྒྱ་ནག་གཞུང་གིས། བོད་ཀྱི་རྔ་པ་ཁུལ་གྱི་རྩོམ་བྲིས་པ་སྐུ་ཞབས་དགེ་འདུན་ཚེ་རིང་ལགས་ཀྱིས་རྩོམ་བྲིས་དང་ཕྱོགས་སྒྲིག་བྱས་པའི་བོད་ནང་གི་ཡ་ང་བའི་གནས་སྟངས་སྐོར་གྱི་དཔེ་དེབ་གཉིས་དཔེ་སྐྲུན་བྱ་རྒྱུར་རོགས་རམ་བྱས་པའི་ནག་ཉེས་བཙུགས་ཏེ། བོད་མི་བཞི་བཙོན་འཇུག་བྱས་ཡོད་པའི་སྐོར་ཉེ་ཆར་རྩོམ་བྲིས་པ་ཁོང་རྒྱ་གར་དུ་བྲོས་བྱོལ་དུ་ཕེབས་ཐུབ་སྟེ་གནས་ཚུལ་རྣམས་གསལ་བསྒྲགས་གནང་ཡོད་པ་རེད།
སྐུ་ཞབས་དགེ་འདུན་ཚེ་རིང་ལགས་ནི། རྩོམ་བྲིས་པ་དང༌། རྔ་པ་ས་གནས་ཀྱི་རོང་ཐ་དགོན་པའི་དགེ་འདུན་པ་ཡིན་ཞིང༌། ཁོང་ཉེ་ཆར་བཙན་བྱོལ་དུ་ཕེབས་ཏེ་བཞུགས་སྒར་རྡ་རམ་སར་འབྱོར་ཡོད་པ་དང༌། ཁོང་གིས་བོད་ནང་གི་ཡ་ང་བའི་གནས་སྟངས་བཀོད་པའི་མིག་ཆུ་ཞེས་པའི་དེབ་ཅིག་རྩོམ་བྲིས་གནང་བ་དང༌། ཡང་བོད་ནང་གི་རྩོམ་པ་པོས་བྲིས་པའི་བོད་ཀྱི་གནས་སྟངས་སྐོར་གྱི་རྩོམ་ཡིག་ཁག་བསྡུ་རུབ་བྱས་ཏེ། གསོན་མིག་ཞེས་པའི་དེབ་ཅིག་ཕྱོགས་སྒྲིག་གནང་བར་བརྟེན་ནས་རྒྱ་ནག་གཞུང་གིས་ཁོང་བཙོན་བཟུང་བྱ་རྒྱུའི་བཀའ་རྒྱ་བཏང་བར་བརྟེན་ནས་ཕྱི་ལོ་༢༠༡༠ཕྱི་ཟླ་གཉིས་པ་ནས་ལོ་ཟླ་དེ་དག་རིང་གབ་ཡིབ་བྱས་ཏེ་བཞུགས་དགོས་བྱུང་བ་དང༌། མཐར་འདི་ལོའི་ཕྱི་ཟླ་གཉིས་པའི་ནང་རྒྱ་གར་དུ་བྲོས་བྱོལ་མཐར་བའི་གནས་ཚུལ་འགྲེལ་བརྗོད་གནང་བ་མ་ཟད། རྒྱ་ནག་གཞུང་གིས་ཁོང་དང་དགོན་པ་གཅིག་པ་དང་ལོ་༢༣ ཡིན་པའི་སྐུ་ཞབས་ཚེ་རིང་དོན་གྲུབ་ལགས་ཀྱིས་ཁོང་གི་དཔེ་དེབ་དེ་གཉིས་དཔེ་སྐྲུན་བྱ་རྒྱུར་རོགས་རམ་བྱས་པའི་ཉེས་བཙུགས་ཀྱིས་༢༠༡༠ ལོའི་ཕྱི་ཟླ་གཉིས་པའི་ནང་འཛིན་བཟུང་བྱས་ཏེ་ད་ལྟ་འབར་ཁམས་དོ་དམ་ཁང་དུ་བཀག་ཉར་བྱེད་བཞིན་ཡོད་པའི་གནས་ཚུལ་ངོ་སྤྲོད་གནང་བ་དང༌། ད་དུང་ཁོང་གིས་རྩོམ་བྲིས་ཁག་ཕྱོགས་སྒྲིག་གནང་བའི་དཔེ་དེབ་གསོན་མིག་ཞེས་པའི་ནང་གི་བྱེ་རླུང་ཁྲོད་ཀྱི་ངུ་འབོད་ཅེས་པའི་རྩོམ་ཡིག་གི་རྩོམ་པ་པོ་ཚེ་རིང་བསྟན་འཛིན་ཞུ་བ་ཡང། ཉེ་ཆར་ཕྱི་ཟླ་དང་པོའི་ཚེས་༣ཉིན་ཟི་ལིང་གི་དབྱངས་ཅན་མའི་དྲ་ཁང་ཞེས་པའི་ནང་ནས་འཛིན་བཟུང་བྱས་ཏེ་ད་ལྟ་འབར་ཁམས་སུ་དོ་དམ་བཀག་ཉར་བྱེད་མུས་ཡིན་པ་རེད། ཚེ་རིང་བསྟན་འཛིན་ལགས་ནི། རྔ་པ་ཁུལ་གྱི་མཛོད་དགེ་ས་གནས་ནས་ཡིན་པ་དང༌། རྔ་པ་ཁུལ་གྱི་དཔལ་ཡུལ་དགོན་པའི་དགེ་འདུན་པ་ཡིན་ཞིང༌། ཁོང་གིས་དེའི་སྔོན་ལ་དུས་དེབ་དང་དྲ་རྒྱའི་ཐོག་རྩོམ་ཡིག་མང་པོ་སྤེལ་མྱོང་ཡོད་པ་རེད། གོང་གསལ་གྱི་མིག་ཆུ་དང་གསོན་མིག་ཅེས་པའི་དཔེ་དེབ་དེ་གཉིས་དཔེ་སྐྲུན་བྱེད་ཡུལ་པིནྚཏ་དཔར་སྐྲུན་ལྟེ་གནས་ཁང་དུ་ལས་ཀ་བྱེད་མཁན་ལོ་ན་༡༧ཡིན་པའི་པདྨ་མཚོ་དང༌། ལོ་ན་༣༠ཡིན་པའི་དབྱངས་ཅན་སྐྱིད་གཉིས་ལ་དཔེ་དེབ་དེ་གཉིས་པར་སྐྲུན་བྱས་པའི་ཉེས་འཛུགས་ཀྱིས་པདྨ་མཚོ་༢༠༡༠ལོའི་ཕྱི་ཟླ་གཉིས་པའི་ཚེས་༢༦ཉིན་འཛིན་བཟུང་བྱས་ཏེ་འབར་ཁམས་སུ་དོ་དམ་བྱེད་མུས་ཡིན་པ་དང༌། དབྱངས་ཅན་སྐྱིད་དེའི་རྗེས་ཙམ་དུ་ཕྱི་ཟླ་༣ པའི་ཚེས་༣༠ ཉིན་འཛིན་བཟུང་བྱས་ཏེ།ད་ལྟ་ནག་ཆུ་ས་ཁུལ་དུ་དོ་དམ་བྱེད་མུས་ཡིན་པ་རེད།།