རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་གོང་འཕེལ་གཏོང་རྒྱུར་སྐུལ་མ།
2012.07.09
མིག་སྔར་རྒྱ་ནག་གི་དཔལ་འབྱོར་ཉམ་རྒུད་འགྲོ་རྒྱུའི་ཉེན་ཁ་ཡོད་པའི་སྐབས་འདིར། ཁ་ས་རྒྱ་ནག་གི་སྲིད་བློན་ཝེན་ཅ་པའོ་ཡིས་རྒྱ་ནག་རྒྱལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་མུ་མཐུད་གོང་འཕེལ་གཏོང་ཐུབ་རྒྱུའི་ལས་དོན་ཤུགས་ཆེ་ཙམ་བྱེད་དགོས་པའི་སྐུལ་མ་བྱས་འདུག།
རྒྱ་ནག་གཞུང་གིས་རེས་གཟའ་པ་སངས་ཉིན་ དངུལ་བུན་གྱི་སྐྱེད་ཀ་ཆུང་དུ་བཏང་ཡོད་པ་དང༌། དེ་ནི་ཟླ་བ་གཅིག་གི་དུས་ཡུན་ནང་རྒྱ་ནག་གིས་སྐྱེད་ཀ་དམའ་རུ་བཏང་བ་ཐེངས་གཉིས་པ་དེ་ཡིན་པ་རེད།།
སྲིད་བློན་ཝེན་ཅ་པའོ་ཡིས་ རྒྱ་ནག་གི་དཔལ་འབྱོར་ད་ལྟའི་ཆར་སྤྱི་ཡོངས་ཀྱི་ཆ་ནས་བརྟན་པོ་ཡོད་ནའང༌། དེ་དག་ཉམ་རྒུད་འགྲོ་རྒྱུའི་ཤུགས་རྐྱེན་ཆེན་པོ་ཡོད་སྐོར་བརྗོད་པ་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་ལུང་འདྲེན་བྱས་བཞག།
རྒྱ་ནག་གི་དཔལ་འབྱོར་ནུས་ཤུགས་ཉམ་རྒུད་ཕྱིན་པ་ཡིན་ན།ཨ་མི་རི་ཀ་དང་ཡུ་རོབ་ཁུལ་ནས་རྒྱ་ནག་གི་དངོས་ཟོག་ནང་འདྲེན་བྱ་རྒྱུའི་ཚད་གཞིའི་ཐོག་དོ་ཕོག་ཐེབས་སྲིད་པ་ཡིན་སྟབས། བཟོ་ཚོང་ལས་ཁང་ཁག་དང་མ་རྩ་འཛུགས་འཇོག་བྱེད་མཁན་ཚོས་འཛམ་གླིང་གི་དཔལ་འབྱོར་སྟོབས་ཤུགས་ཆེ་ཤོས་
ཨང་གཉིས་པ་རྒྱ་ནག་གི་དཔལ་འབྱོར་གྱི་འཕེལ་རྒྱས་དལ་དུ་འགྲོ་གིན་ཡོད་པར་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་རེད།
རྒྱ་ནག་གཞུང་གིས་ད་ལོའི་འགོ་སྟོད་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་གཞི་དེ་བརྒྱ་ཆ་༧དང་གྲངས་ཆུང་༥བར་ཚད་བཀག་བྱས་ཡོད་པ་དང༌། དེ་ནི་སྔ་ལོའི་དཔལ་འབྱོད་འཕེལ་རྒྱས་ཀྱི་ཚད་གཞི་བརྒྱ་ཆ་༩དང་གྲངས་ཆུང་༢ལས་་ཉུང་བ་ཡིན་པ་མ་ཚད། ༢༠༡༠ལོའི་བརྒྱ་ཆ་༡༠དང་གྲངས་ཆུང་༤ལས་གང་ཙམ་དམའ་རུ་ཕྱིན་ཡོད།
རྒྱ་ནག་རྒྱལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་གཞི་དམའ་རུ་ཕྱིན་པ་ཡིན་ན་། མང་ཚོགས་ཀྱི་ལས་ཀ་ཤོར་རྒྱུའི་ཉེན་ཁ་ཆེ་རུ་འགྲོ་གིན་ཡོད་པ་མ་ཚད། གཞུང་འཛིན་དམར་ཤོག་ཚོགས་པའི་སྲིད་དབང་ལ་འཕོ་འགྱུར་འགྲོ་རྒྱུའི་དུས་མཚམས་དེར་ཆབ་སྲིད་བརྟན་ལྷིང་མེད་པ་ཆགས་རྒྱུའི་ཉེན་ཁ་རྒྱ་མིའི་འགོ་ཁྲིད་ཚོས་མཐོང་བཞིན་ཡོད་པ་རེད།