གསར་ལམ་དང་འབྲེལ་བའི་དམ་དྲག་བཀག་བསྡོམས།
2012.07.13
རྒྱ་ནག་གཞུང་ལ་ངོ་རྒོལ་བྱ་ཆེད་ ཕྱི་ལོ་ ༢༠༡༡ ནས་བཟུང་བོད་ནང་བོད་མི་བཞི་བཅུ་ཞེ་གྲངས་ཀྱིས་ད་བར་རང་ལུས་ཞུགས་འབུལ་གནང་བའི་གནས་ཚུལ་བྱུང་ཡོད་པར་སོང༌། རྒྱ་ནག་གཞུང་གིས་དེང་སྐབས་བོད་ནང་ཕྱི་ཕྱོགས་ཀྱི་རང་དབང་ཅན་གྱི་གསར་འགྱུར་ཁག་གོ་ཐོས་མི་ཐུབ་པ་བཟོ་རྒྱུར་དམིགས་པས་དམ་དྲག་དང་བཀག་སྡོམ་ནན་པོ་བྱེད་ཀྱི་ཡོད་སྐོར་ ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོགས་ཚོགས་པས་གསུང་འདུག དེ་ཡང་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོགས་ཚོགས་པས་འདི་ཚེས་ ༡༣ ཉིན་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང༌། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་རང་དབང་རྡོག་རོལ་གཏོང་བ་དང༌ཆབ་ཅིག། བོད་མིའི་རིག་གཞུང་དང་ངོ་བོ་བཅས་པ་མེད་པ་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེར་ བོད་མི་རྣམས་ཀྱིས་རྣམ་པ་འདྲ་མིན་ཐོག་ནས་ངོ་རྒོལ་བྱས་དང་བྱེད་བཞིན་པ་དེ་དག་ནུས་མེད་བཟོ་ཐབས་སུ། འདི་ལོའི་ཕྱི་ཟླ་ ༦ པའི་ནང་ རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཞེས་འབོད་པའི་ རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ Chen Quanguo ཡིས། བོད་ནང་རྒྱ་ནག་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ཤུགས་ཆེ་རུ་བཏང་བ་དང་དུས་མཉམ་དུ། ཕྱི་ཕྱོགས་ཀྱི་དགྲ་བོ་སྤྱི་དང་ལྷག་པར་ཏྭ་ལའི་བླ་མའི་བཤད་པའི་སྐད་ཆ་དང་བརྙན་དཔར་བཅས་པ་རྩ་བ་ནས་མཐོང་ཐོས་མེད་པ་བཟོ་དགོས་པའི་བཀའ་ཁྱབ་བཏང་ཡོད་པ་བཞིན། དེང་སྐབས་བོད་ནང་རྒྱ་ནག་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ཤུགས་ཆེ་རུ་གཏོང་རྒྱུར་ བརྙན་འཕྲིན་གྱི་ལས་རིམ་རྒྱ་བསྐྱེད་བཏང་བ་དང༌། གྲོང་གསེབ་ཁག་ལ་ཆབ་སྲིད་ཀྱི་སློབ་གསོ་བརྒྱབ་པ། དྲིལ་བསྒྲགས་ཀྱི་དཔར་དེབ་དང་ གློག་བརྙན་སོགས་འགྲེམ་སྤེལ་བྱེད་བཞིན་ཡོད་པ་དང༌། ཡང་ཕྱི་ཕྱོགས་ཀྱི་རང་དབང་ཅན་གྱི་གསར་འགྱུར་ཁག་འགོག་ཐབས་སུ། དྲ་རྒྱ་བལྟ་ཀློག་མི་ཐུབ་པ་བཟོ་བ་དང༌། ལག་འཁྱེར་ཁ་དཔར་བདག་ཉར་བྱེད་རྒྱུར་སྟངས་འཛིན་ནན་པོ་བྱེད་པ། གླུ་གཞས་ཀྱི་ཁོར་ཐག་འདོན་རྒྱུར་དམ་དྲག་བྱེད་པ། ཡིག་ཆ་འདྲ་བཤུས་རྒྱག་རྒྱུར་སྟངས་འཛིན་བྱེད་པ། བོད་ཀྱི་ཁམས་དང་ཨ་མདོ་བཅས་ནས་སླེབས་པའི་བོད་མི་རྣམས་རང་སར་ཕྱིར་འབུད་བཏང་བ་དང༌། དེ་བཞིན་འདི་ལོའི་ཕྱི་ཟླ་ ༥ པ་ནས་བཟུང་ཕྱི་རྒྱལ་མི་རིགས་རྣམས་བོད་ནང་བསྐྱོད་རྒྱུ་ཁག་ཏུ་བཏང་བ་སོགས། གང་ལྟར་བོད་ས་ཡོངས་རྫོགས་དང་ལྷག་པར་དུ་ བོད་རང་སྐྱོང་ལྗོངས་ཞེས་འབོད་པ་བཅས་པ་ཕྱི་ཕྱོགས་དང་འབྲེལ་བ་མེད་པ་བཟོ་རྒྱུར་ རྒྱ་ནག་གཞུང་གིས་ཐབས་ཤེས་གང་ཡོང་བྱེད་ཀྱི་ཡོད་སྐོར་ འགྲོ་བ་མིའི་ཐོབ་ཐང་ལྟ་རྟོགས་ཚོགས་པས་སྤེལ་བའི་བསྒྲགས་གཏམ་དེའི་ནང་བཀོད་ཡོད་འདུག