རྒྱ་ནག་གཞུང་གིས་ཨོ་སོ་ཀྲོ་ལི་ཡའི་གཞུང་ལ་ཉེན་བརྡ་བཏང་བ།
2008.06.12
༄༅༎ཨོསོ་ཀྲོ་ལི་ཡའི་གཞུང་ནས་ ཏཱ་ལའི་བླ་མས་ཨོ་སོ་ཀྲོ་ལི་ཡའི་ནང་རྒྱ་ནག་ཁ་བྲལ་གྱི་ལས་དོན་སྤེལ་ཏུ་བཅུག་ན་འགྲིག་ཐབས་མེད་པའི་སྐོར་རྒྱ་ནག་གཞུང་གིས་ཉེན་བརྡ་བཏང་འདུག་༎
བོད་མིའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེང་སྐབས་ཨོ་སོ་ཀྲོ་ལི་ཡའི་ནང་ཞབས་སོར་འཁོར་གནང་མཛད་ཡོད་པ་རེད་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ བོད་ལ་མིང་དོན་མཚུངས་པའི་རང་སྐྱོངས་ཀྱི་གནས་བབ་རྩོད་ལེན་གནང་པ་ལས་ རང་བཙན་འཐབ་རྩོད་གནང་གི་མེད་པའི་དགོངས་གཞི་སྔ་རྗེས་ཐེངས་མང་གསལ་འདོན་གནང་པ་བཞིན་ ད་རེས་སླར་ཡང་ཨོསོ་ཀྲོ་ལི་ཡའི་གྲོང་ཁྱེར་སིདྲ་ནི་རུ་ནན་བརྗོད་གནང་ནའང་ རྒྱ་ནག་གཞུང་གིས་༸གོང་ས་མཆོག་ལ་རྒྱ་ནག་ཁ་བྲལ་གྱི་ལས་དོན་མུ་མཐུད་སྤེལ་གྱི་ཡོད་ལུགས་ཀྱི་སྐྱོན་འཛུགས་དང་ ཨོསོ་ཀྲོ་ལི་ཡའི་གཞུང་ཕྱོགས་ནས་དེར་དོགས་ཟོན་བྱེད་དགོས་སྐོར་ཉེན་བརྡ་བཏང་འདུག་
དེ་ཡང་རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱི་མགྲིན་ཚབ་པ་ཆིན་ཀང་གིས་ཏཱ་ལའི་བླ་མས་རྒྱལ་ཁབ་ག་འདྲ་ཞིག་ནང་རྒྱ་ནག་ཁ་བྲལ་གཏོང་རྒྱུའི་ལས་དོན་དང་དེར་རྒྱབ་བསྐྱོར་བྱ་མཁན་རྒྱལ་ཁབ་སུ་འདྲ་ཞིག་རུང་ རྒྱ་ནག་གཞུང་གིས་ངོ་རྒོལ་ཤུགས་ཆེ་ཡོད་པ་བཞིན་ ཏཱ་ལའི་བླ་མས་ཨོསོ་ཀྲོ་ལི་ཡའི་ནང་ རྒྱ་ནག་ཁ་བྲལ་གྱི་བྱ་སྤྱོད་དང་ལས་དོན་སྤེལ་ཕྱོགས་ཐད་ལ་ཨོསོ་ཀྲོ་ལི་ཡའི་གཞུང་ཕྱོགས་ནས་རྒྱ་ནག་གི་སེམས་ཚོར་ལ་བསམ་ཞིབ་ནན་པོ་བྱེད་དགོས་སྐོར་སྐུལ་མ་བཏང་འདུག་༎