ཇར་མི་ནིའི་སྲིད་བློན་ནས་ཨ་རིའི་གྲོས་ཚོགས་སུ་གསུང་བཤད།

ཇར་མི་ནིའི་སྲིད་བློན་ལྕམ་ཨེན་གེ་ལ་མཱར་ཀེལ་མཆོག་ནས་ཨ་མི་རི་ཀའི་གྲོས་ཚོགས་ཐོག་གལ་འགངས་ཆེ་བའི་གསུང་བཤད་གནང་རྒྱུ་ཡིན་འདུག

2009.11.03

༄༅༎ཇར་མི་ནིའི་སྲིད་བློན་ལྕམ་ཨེན་གེ་ལ་མཱར་ཀེལ་མཆོག་དེ་རིང་རེས་གཟའ་མིག་དམར་ཉིན་ཨ་མི་རི་ཀའི་གྲོས་ཚོགས་ཐོག་གལ་འགངས་ཆེ་བའི་གསུང་བཤད་གནང་རྒྱུའི་མཛད་འཆར་ཡོད་པ་དང་དེ་ནི་ཇར་མི་ནི་ཤར་ནུབ་གཉིས་ཀྱི་གྱང་གཏོར་ཏེ་མི་ལོ་ཉི་ཤུ་ཙམ་ཕྱིན་པའི་རྗེས་སུ་ཇར་མི་ནིའི་སྲིད་བློན་གྱིས་ཨ་རིའི་གྲོས་ཚོགས་ཐོག་གསུང་བཤད་གནང་རྒྱུའི་མཛད་འཆར་ཡོད་པ་རེད།

ལྕམ་ཨེང་གེ་ལ་མཆོག་དེང་སྐབས་འདི་ག་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་ལོ་རྒྱུས་རང་བཞིན་ལྡན་པའི་འཚམས་འདྲིར་ཕེབས་ཡོད་པ་ལྟར་དེ་རིང་ཨ་རིའི་གྲོས་ཚོགས་ཐོག་གསུང་བཤད་གནང་བར་མ་ཕེབས་གོང་དེར་སྲིད་འཛིན་ཨོ་སྦ་མ་མཆོག་དང་མཇལ་འཕྲད་གནང་རྒྱུའི་མཛད་འཆར་ཡོད་ཅིང་ད་རེས་ཁོང་ཨ་རིར་འཚམས་འདྲིར་ཕེབས་པ་དེ་ནི་ཉེ་ཆར་ཕྱི་ཟླ་དགུ་པའི་ནང་ཁོང་ལ་སླར་ཡང་སྲིད་བློན་གྱི་ལས་དུས་གཉིས་པའི་འོས་བསྡུའི་རྒྱལ་ཁ་ཐོབ་པའི་རྗེས་ཨ་མི་རི་ཀའི་ནང་ཐེངས་དང་པོར་འཚམས་འདྲིར་ཕེབས་པ་ཞིག་ཡིན་པ་རེད། ཉེ་ཆར་ཁོང་གིས་རྒྱལ་ཁབ་ནང་དུ་བདུན་རེའི་གསུང་བཤད་གནང་བའི་གོ་སྐབས་དེ་བཟུང་སྟེ་ད་རེས་ཨ་རིར་འཚམས་འདྲིར་ཕེབས་རྒྱུའི་གདན་ཞུ་དེ་ཡང་ཧ་ཅང་གི་ཆེ་བསྟོད་ཆེན་པོ་ཞིག་པ་དང་དེ་སྔ་ཕྱོ་ལོ་༡༩༩༠ནང་ཇར་མི་ནི་ཤར་ནུབ་ཀྱི་གྱང་གཏོར་པའི་རྗེས་ཨ་མི་རི་ཀའི་ཕྱོགས་ནས་བརྩེ་སེམས་ཆེན་པོ་དང་སྤྲོ་སེམས་ཆེན་པོའི་སྒོ་ནས་ཇར་མི་ནི་ཤར་ནུབ་གཉིས་ཆིག་སྒྲིལ་ཡོང་ཐབས་ལ་རྒྱབ་སྐྱོར་གནང་བ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། ལྕམ་ཨེན་གེ་ལ་མཱར་ཀལ་མཆོག་ནི་དེ་སྔ་ཤར་ཇར་མི་ནི་དམར་པོའི་དབང་བསྒྱུར་འོག་ཏུ་ཚར་ལོངས་བྱུང་གནང་བ་ཞིག་ཡིན་པ་དང་དེ་སྔ་ཕྱོ་ལོ་༡༩༥༧ལོར་ནུབ་ཇར་མི་ནིའི་དབུ་ཁྲིད་ཀོན་རེདྲ་ཨེ་ཌེ་ནོར་གྱིས་ཨ་མི་རི་ཀའི་གྲོས་ཚོགས་ཐོག་གསུང་བཤད་གནང་མྱོང་བའི་རྗེས་ཁོང་ད་རེས་ཇར་མི་ནིའི་དབུ་ཁྲིད་ནས་ཨ་རིའི་གྲོས་ཚོགས་ཐོག་གསུང་བཤད་གནང་མཁན་ཐེངས་གཉིས་པ་དེ་ཡིན་པ་རེད། ཡིན་ནའང་ད་རེས་ཁོང་གིས་ཨ་རིའི་གྲོས་ཚོགས་ཐོག་གསུང་བཤད་གནང་བའི་སྐབས་ལ་ཨཕ་ག་ནི་སི་ཏན་གྱི་གནད་དོན་དང་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་སོགས་གལ་འགངས་ཆེ་བའི་ཐབས་ཇུས་ཀྱི་གནད་དོན་ཛ་དྲག་དཔེར་ན་ཇར་མི་ནི་ཡི་ཨཕ་ག་ནི་སི་ཏན་ནང་དུ་དམག་དཔུང་འཕར་སྣོན་གཏོང་དགོས་པ་དང་ཨཕ་ག་ནི་སི་ཏན་གྱི་ཁྱིམ་མཚེས་རྒྱལ་ཁབ་པ་ཀི་སི་ཏན་ནང་དུ་བརྟན་ལྷིང་བཟོ་ཐབ་ཀྱི་དཔལ་འབྱོར་གྱི་འགྲོ་གྲོན་གཏོང་དགོས་པ། གཞན་ཡང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨི་རན་ཐོག་ལ་ཉེས་ཆད་གཏོང་རྒྱུའི་ལས་དོན་ཐོག་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་དགོས་པའི་རེ་འདུན་ཁག་ལ་ལན་འདེབས་ཀྱི་གདོང་ལེན་བྱ་དགོས་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎