དམར་ཤོག་མའོ་ཆིག་སྒྲིལ་ཚང་འཛོམས་ལྷན་ཚོགས།
2012.07.17
ལྷན་ཚོགས་སུ་ཚོགས་གཙོ་Pushpa Kamal Dahal གྱིས་ཚོགས་པའི་ཆབ་སྲིད་ལས་དོན་སྙན་ཞུ་སྒྲོག་སྦྱང་ཞུ་རྒྱུ་དང་། གཙོ་བོ་འདས་པའི་དུས་ཡུན་རིང་རྩ་ཁྲིམས་གསར་བཟོའི་ལས་དོན་དང་ཞི་འགྲིག་ལས་དོན་གཉིས་འགྲུབ་རྒྱུར་ལས་དོན་ཇི་བྱས་དང་གྲུབ་འབྲས་ཇི་བྱུང་སོགས་སྙན་སེང་ཞུ་རྒྱུ་ཡིན་པ་རེད། ད་ལམ་གྱི་ལྷན་ཚོགས་དེར་རྫོང་ཁག་སོ་སོའི་འགོ་ཁྲིད་བཅས་ཁྱོན་མི་གྲངས་ལྔ་སྟོང་ཙམ་ཚོགས་བཞུགས་གནང་བ་ནས་ཆབ་སྲིད་སྙན་ཐོ་ཁས་ལེན་བྱ་རྒྱུར་མོས་མཐུན་བྱུང་བ་ཡིན་ན། དམར་ཤོག་སྲིད་དོན་ཚོགས་པ་དེའི་འབྱུང་འགྱུར་གྱི་རིགས་པའི་གཞུང་ལུགས་གཏན་འབེབས་བྱུང་བར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེ་སྔོན་གྱི་ཚང་འཛོམས་ལྷན་ཚོགས་སུ་འགོ་ཁྲིད་ནང་ཁུལ་ལྟ་གྲུབ་འགལ་ཟླ་ཆེན་པོ་བྱུང་བའི་དཀའ་རྙོག་འཕྲད་པ་རེད། དམར་ཤོག་མའོ་ཆིག་སྒྲིལ་ཚོགས་པའི་ཚོགས་གཙོ་Dahal གྱིས་ད་དུང་བལ་ཡུལ་ནང་སྲིད་དོན་ཚོགས་པ་ཆེ་ཁག་གིས་གྲོས་མཐུན་དོན་ཚན་བཅུ་གཉིས་བཞག་པ་གཞིར་བཟུང་མང་གཙོའི་ལམ་སྲོལ་བསྲ་བརྟན་འཛུགས་ཐུབ་པ་དང་། ཞི་འགྲིག་དང་རྩ་ཁྲིམས་གསར་བཟོའི་ལས་དོན་འགྲུབ་རྒྱུའི་དམིགས་ཡུལ་བཟུང་ནས་སྲིད་དོན་ཚོགས་པ་ཚང་མས་མཉམ་རུབ་གནང་དགོས་པའི་འབོད་སྐུལ་ཞུས་གནང་འདུག ་ ཕྱོགས་མཚུངས་བལ་ཡུལ་དམར་ཤོག་མའོ་ཚོགས་པ་ནས་ཁ་བྲལ་དུ་ཕྱིན་ཏེ་ཚོགས་པ་གསར་པ་ཟུར་འཛུགས་བྱས་པའི་(CPN- Maoist ) ཞེས་དམར་ཤོག་མའོ་ཚོགས་པར་ཁ་བྲལ་ཕྱིན་པ་ནས་ཚོགས་པ་ཨ་མའི་ནང་ཕྱིར་ལོག་རྒྱག་དགོས་པའི་འབོད་སྐུལ་གནང་འདུག ཡང་ཉེ་ལམ་དམར་ཤོག་མའོ་ཚོགས་པ་ཁ་བྲལ་དུ་ཕྱིན་སྐབས་འགོ་ཁྲིད་གྲས་Krishna Rai ཡིས་Mohan Baidya ཡི་ཕྱོགས་གཏོགས་སུ་ཕྱིན་ཏེ་དམར་ཤོག་མའོ་ཚོགས་པ་ཟུར་འཛུགས་བྱས་པ་དེའི་དབུས་རྒྱུན་ཁོངས་སུ་ཚུད་ཡོད་ཀྱང་ཁ་ས་གསར་འགོད་ལྷན་ཚོགས་ཤིག་བསྐོང་སྟེ་Mohan Baidya ཡི་ཁ་བྲལ་དུ་འགྲོ་དགོས་པའི་བདེན་པ་དག་སྐྱེལ་བྱེད་ཐུབ་མེད་པ་དང་།
ཕུགས་རྒྱང་རིང་པོའི་དམིགས་ཡུལ་ངེས་གཏན་མེད་པ་སོགས་རྒྱུ་མཚན་དུ་དྲངས་ཏེ་ད་ཆ་སླར་ཡང་དམར་ཤོག་མའོ་ཆིག་སྒྲིལ་ཚོགས་པའམ་ཡང་ན་Pushpa Kamal Dahal གྱིས་འགོ་ཁྲིད་པའི་དམར་ཤོག་ཚོགས་པ་དེའི་ཁོངས་སུ་བསྐྱར་ལོག་བརྒྱབ་འདུག ཕྱོགས་མཚུངས་སྲིད་བློན་Baburam Bhattarai ཡིས་གསུང་བཤད་ནང་། ཚོགས་པའི་འགོ་ཁྲིད་ནང་ཁུལ་མི་མཐུན་པའི་འགལ་ཟླ་ཡོད་པ་རྣམས་གྲོས་མོལ་ལམ་ནས་ཐག་གཅོད་ཐུབ་པ་བྱ་གལ་ཆེ་བ་དང་། ད་རེས་ཀྱི་དམར་ཤོག་མའོ་ཆིག་སྒྲིལ་ཚོགས་པའི་ཚང་འཛོམས་ལྷན་ཚོགས་དེ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་ཡིན་པ་དང་། ད་ལམ་གཞུང་འཛིན་དམར་ཤོག་མའོ་ཆིག་སྒྲིལ་ཚོགས་པས་ཐག་གཅོད་ཇི་བྱས་རྣམས་མདུན་བསྐྱོད་ཁོ་ནའི་ཆེད་དུ་ཡིན་ལུགས་གསལ་བཀྲོལ་གནང་འདུག།