རྒྱ་ནག་གིས་ཨ་རིའི་དངོས་ཟོག་ནང་འདྲེན་གྱི་སྒོ་ཁྲལ་ཨ་སྒོར་ཐེར་འབུམ་གསུམ་སྤར་འདུག
2018.04.02
རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་དངོས་ཟོག་ནང་འདྲེན་གྱི་སྒོ་ཁྲལ་ཨ་སྒོར་ཐེར་འབུམ་གསུམ་སྤར་ནས་རྒོལ་ལན་སློག་འདུག
དེ་ཡང་ཕྱི་ཟླ་གསུམ་པའི་ནང་ཨ་རིའི་སྲིད་འཛིན་Trump ཡིས་ཕྱི་རྒྱལ་ནས་ལྕགས་དང་ཧ་ཡང་ནང་འདྲེན་གྱི་སྒོ་ཁྲལ་སྤར་བའི་རྗེས། རྒྱ་ནག་གིས་ཨ་མི་རི་ཀའི་དངོས་ཟོག་སྣ་ཁ་༡༢༨ ནང་འདྲེན་གྱི་སྒོ་ཁྲལ་བརྒྱ་ཆ་༢༥སྤར་ཡོད་པ་དང་། དངོས་ཟོག་དེ་དག་ཁྲོད་ཕག་ཤ་དང་རྒུན་ཆང་སོཊ་འདུས་ཡོད་འདུག་ལ། མ་རྩ་ཨ་སྒོར་ཐེར་འབུམ་༣ གྱི་སྒོ་ཁྲལ་དེ་གཟའ་ཟླ་བ་སྟེ་ཕྱི་ཟླ་བཞི་བའི་ཚེས་༢ ཉིན་ནས་དངོས་སུ་འགོ་བཙུགས་ཡོད་འདུག
རྒྱ་ནག་གིས་སྒོ་ཁྲལ་སྤར་དགོས་དོན་ནི་རྒྱ་ནག་གི་ཁེ་ཕན་སྲུང་སྐྱོབ་དང་དོ་མཉམ་ཡོང་ཆེད་ཡིན་ཞེས་བཤད་ཡོད་པ་དང་། སྔོན་ཙམ་ལ་རྒྱ་ནག་ཕྱོགས་ནས་ཚོང་དོན་གྱི་དམག་འཁྲུག་དགོས་འདོད་མེད་ནའང་། དཔལ་འབྱོར་ཐོག་གནོད་པ་བྱུང་ཚེ་ཁུ་སིམ་མེར་སྡོད་རྒྱུ་མིན་ཞེས་བཤད་འདུག
ཨ་རིའི་སྲིད་འཛིན་གྱིས་ཚོང་དོན་གྱི་དམག་འཁྲུག་དགོས་གལ་ཆེ་བ་དང་། དེས་ཨ་རིར་ཁེ་ཕན་ཆེ་བ་ཡོད་ལུགས་འགྲེལ་བརྗོད་གནང་པའི་གནས་ཚུལ་ཐོན་ཡོད་ཅིང་། ཨ་རིའི་གཞུང་ཕྱོགས་ནས་རྒྱ་ནག་གི་དངོས་ཟོག་ནང་འདྲེན་གྱི་སྒོ་ཁྲལ་ཨ་སྒོར་ཐེར་འབུམ་བཅུ་ཕྲག་འགའ་སྤར་རྒྱུ་ཁྱབ་བསྒྲགས་བྱས་ཡོད་པ་རེད། དེ་ལྟར་བྱེད་དགོས་དོན་ནི་རྒྱ་ནག་དང་མཉམ་དུ་ཚོང་འབྲེལ་སྐབས་དོ་མཉམ་མིན་པའི་ཚོང་དོན་ལག་བསྟར་བྱེད་ཕྱོགས་དེས་ཨ་རིའི་བཟོ་ཚོང་ཁང་དག་ལ་གྱོང་གུན་ཕོག་གི་ཡོད་ལུགས་འགྲེལ་བརྗོད་བྱེད་བཞིན་ཡོད་པ་དང་། གནད་དོན་དབྱེ་ཞིབ་མཁན་ཚོས་ཨ་མི་རི་ཀས་ད་དུང་མུ་མཐུད་རྒྱ་ནག་གི་དངོས་ཟོག་ནང་འདྲེན་གྱི་སྒོ་ཁྲལ་འཕར་སྣོན་མང་ཙམ་ལག་བསྟར་བྱ་སྲིད་པའི་ཚོད་དཔག་བྱེད་ཀྱིན་ཡོད་པ་རེད།
གསར་འགོད་པ་རྡོ་རྗེ་མཚོ།