བོད་དུ་༢༠༠༨ལོའི་ཞི་རྒོལ་ལས་འགུལ་སྐོར་རྩོམ་དེབ་འགྲེམས་སྤེལ།

རྩོམ་པ་པོ་སྐུ་ཞབས་ལྷ་ལྡན་ལགས་ཞུ་བས་༢༠༠༨ལོའི་ཞི་རྒོལ་ལས་འགུལ་གྱི་དྲན་གསོའི་དཔེ་དེབ་ཅིག་བོད་ནང་དུ་དཔེ་སྐྲུན་དང་འགྲེམས་སྤེལ།

2011.03.29

༄༅༎རྩོམ་པ་པོ་སྐུ་ཞབས་ལྷ་ལྡན་ལགས་ཞུ་བས། ༢༠༠༨ལོར་བོད་ཆོལ་ཁ་གསུམ་གྱི་བོད་མི་ཚོའི་ཞི་བའི་རྔམ་སྟོན་ངོ་རྒོལ་ལ་རྒྱ་ནག་གཞུང་གིས་དྲག་གནོན་བྱས་པའི་བྱ་སྤྱོད་དྲན་གསོའི་དཔེ་དེབ་ཅིག་ཉེ་ཆར་བོད་ནང་དུ་དཔེ་སྐྲུན་དང་འགྲེམས་སྤེལ་གནང་ཡོད་པ་རེད།

དེ་ཡང་བཙན་བྱོལ་བོད་གཞུང་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན། བོད་ནང་གི་རྩོམ་པ་པོ་སྐུ་ཞབས་ལྷ་ལྡན་ལགས་ཀྱིས། ༢༠༠༨ལོར་བོད་ཆོལ་ཁ་གསུམ་ནང་དུ་བྱུང་བའི་ཞི་རྒོལ་ཆེན་མོ་བྱུང་ནས་ལོ་གསུམ་འཁོར་བའི་དུས་སྐབས་དང༌། སུད་སི་གྲོང་ཁྱེར་ཇི་ནི་ལྦ་དུ་ཚོགས་བཞིན་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༡༦ཚོགས་འདུ་དང་སྟབས་བསྟུན་གྱིས་ཁ་བྱང་དུ་ཚེ་སྲོག་གིས་བསྐྲུན་པའི་སྐད་ཆ་ཞེས་པའི་དཔེ་དེབ་ཅིག་རྩོམ་བྲིས་ཀྱིས་བོད་ནང་དུ་འགྲེམས་སྤེལ་གནང་ཡོད་ལ། ཁོང་གིས་དཔེ་དེབ་དེ་ནི། འདས་པའི་ལོ་གསུམ་རིང་ཞིབ་ཚགས་ཀྱིས་ཞིབ་འཇུག་དང་རྟོགས་ཞིབ་གནང་བ་བརྒྱུད་༢༠༠༨ལོར་བོད་ནང་ཞི་རྒོལ་ཆེན་པོ་དེ་བྱུང་དགོས་པའི་དགོས་པ་དང་རྒྱུ་མཚན། དེའི་མཇུག་འབྲས་ཇི་ལྟར་བྱུང་བའི་གནས་ཚུལ་རྣམས་རྩོམ་བྲིས་གནང་ཡོད་པ་རེད། དཔེ་དེབ་དེའི་ནང་དུ། ད་དུང་ཡང་བོད་ཀྱི་སྒ་སྐྱེ་རྒུ་མདོར་ས་ཡོམ་གྱི་གནོད་འཚེ་བྱུང་བའི་གནས་སྟངས་འགྲེལ་བཤད་དང༌། བོད་ནང་གི་རྒྱའི་དཔོན་རིགས་ཀྱི་གནས་བབ་སྐོར་དང༌། ཆོས་ལུགས་སོགས་ཀྱི་སྐོར་རྩོམ་བྲིས་གནང་ཡོད་པ་མ་ཟད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ། ལྷན་ཚོགས་དེ་ནི་རང་དབང་ལྡན་པའི་མི་རྣམས་ཀྱི་བགྲོ་གླེང་དང་གཏམ་བཤད་བྱ་ཡུལ་གྱི་གླེང་སྟེགས་ཤིག་ཁོ་ན་མ་ཡིན་པར། བཙན་གནོན་དང་གདུག་རྩུབ་འོག་ཏུ་གནས་བཞིན་པའི་མི་དམངས་ཀྱི་འབོད་སྒྲ་ཡང་གསན་རོགས་ཞེས་འབོད་སྐུལ་ཡང་ཞུས་ཡོད་པ་རེད། སྐུ་ཞབས་ལྷ་ལྡན་ལགས་ནི། ཕྱི་ལོ་༡༩༨༠ཐམ་པར་བོད་ཀྱི་མདོ་སྨད་མགོ་ལོག་ཁུལ་གྱི་པདྨ་རྫོང་ཁོངས། སྡེ་མཐའ་གྲོང་ཚོར་འཁྲུངས་ཤིང༌། དགུང་ལོ་༡༡ཟིན་སྐབས། ས་གནས་ཀྱི་དགོན་པར་ཆོས་ཞུགས་གནང་སྟེ༌། དེ་རྗེས་མཁན་པོ་འཇིགས་མེད་ཕུན་ཚོགས་མཆོག་གིས་གསར་འཛུགས་གནང་བའི་གསེར་ཐ་ནང་བསྟན་སློབ་གླིང་དུ་སྒྲིག་ཞུགས་གནང་བ་དང༌། དགུང་ལོ་༢༥ཕེབས་སྐབས་བོད་ཀྱི་རྒྱལ་ས་ལྷ་སར་སེར་འབྲས་གཉིས་སུ་སློབ་གཉེར་གནང་བར་ཆེད་དུ་ཕེབས་ཡོད་ཀྱང་དུས་ཡུན་ཐུང་ངུ་ཞིག་ལས་མ་བཞུགས་པར་རང་ཡུལ་མགོ་ལོག་ཁུལ་དུ་ཕྱིར་ལོག་གནང་ཡོད། འོན་ཀྱང་ཁོང་གིས་ཕྱི་ལོ་༢༠༠༨ལོར་བོད་ལ་ཞི་རྒོལ་ཆེན་མོ་བྱུང་བའི་ལོ་དེ་ནས་བཟུང། ཚེ་སྲོག་གིས་སྐྲུན་པའི་སྐད་ཆ་ཞེས་པའི་དཔེ་དེབ་དེ་རྩོམ་བྲིས་གནང་རྒྱུའི་ཆེད་དུ་བོད་ཀྱི་ས་གནས་མང་པོ་ཞིག་ཏུ་ཕེབས་ཏེ་གནས་ཚུལ་རྒྱུས་ལོན་དང་མཁོ་སྒྲུབ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎