རྒྱལ་སྤྱིའི་ནང་དོན་གྲུབ་དབང་ཆེན་ཆེད་ལས་འགུལ་གསར་པ།
2011.06.10
༄༅༎དེ་ཡང་རྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལ་གཞིགས་ན། བོད་དོན་རྒྱབ་སྐྱོར་ཚོགས་པ་ཉི་བརྒྱ་ཙམ་མཉམ་རུབ་ཀྱི་ཐོག་ནས་ཆེད་འཛུགས་བྱས་པའི་རྒྱལ་སྤྱིའི་བོད་དོན་འབྲེལ་ཐུད་ཚོགས་པའི་ཚོགས་མི་ཚོས། རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་དོན་གྲུབ་དབང་ཆེན་ལགས་ལ་གདུང་སེམས་མཉམ་བསྐྱེད་དང་། རྒྱབ་སྐྱོར་ཡོད་པའི་ཡི་གེ་གཏང་རྒྱུའི་ལས་འགུལ་ཞིག་སྤེལ་འགོ་བཙུགས་ཡོད་པ་ལྟར། ལས་འགུལ་དེའི་ནང་དེང་སྐབས་བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་རང་ལོ་ ༡༡ ལ་སོན་པའི་དོན་གྲུབ་དབང་ཆེན་ལགས་ཀྱི་བུ་མོ་ཟླ་སྒྲོན་ནས་ཀྱང་མཉམ་ཞུགས་ཀྱིས་རང་གི་ཕ་ལ་ཡི་གེ་ཞིག་སྐུར་ཡོད་པའི་ནང༌། ང་ཚོས་པ་ལགས་ཁྱེད་རང་གཟུགས་གཞི་བདེ་ཐང་མེད་པ་ཤེས་ཀྱི་ཡོད་ལ། དེར་ང་ཚོ་ཚང་མར་སེམས་འཁྲལ་ཡོང་གི་འདུག ང་ཚོས་ཁྱེད་རང་རེ་འགུག་བྱེད་བཞིན་ཡོད་པ་ལྟར། ཁྱེད་རང་གང་མགྱོགས་ང་ཚོའི་སར་ཡོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བྲིས་ཡོད་འདུག
དོན་གྲུབ་དབང་ཆེན་ལགས་ཀྱིས་དེ་སྔ་རྒྱ་ནག་ནང་གོ་སྒྲིག་བྱས་པའི་འཛམ་གླིང་ཨོ་ལིམ་པིག་རྩེད་འགྲན་དང༌། བོད་ནང་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་བཅས་པའི་ཐོག བོད་མི་རྣམས་ཀྱི་བསམ་ཚུལ་ཇི་ཡོད་འདྲི་རྩད་བྱས་པའི་བརྙན་དཔར་ཞིག་ཕྱོགས་སྒྲིག་གིས། ཕྱི་ཕྱོགས་སུ་བཏང་བར་བརྟེན། ༢༠༠༨ ལོའི་ཕྱི་ཟླ་ ༣ པའི་ཚེས་ ༢༦ ཉིན་ཁོང་རྒྱ་ནག་གཞུང་གི་འཛིན་བཟུང་གིས་ལོ་དྲུག་གི་བཙོན་འཇུག་ཉེས་ཆད་བཏང་སྟེ། ད་ལྟ་བཙོན་ཁང་ནང་ཡོད་མུས་ཡིན་པ་དང༌། བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་བཏང་བ་མ་ཟད། སྨས་བཅོས་ཀྱི་མཐུན་རྐྱེན་ཡང་མ་སྤྲད་པའི་རྐྱེན་གྱིས། ཁོང་གི་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་ཡོད་པའི་གནས་ཚུལ་ཐོན་བཞིན་ཡོད་པའི་འགྲེལ་བརྗོད་བྱས་འདུག
ཡང་གནས་ཚུལ་ནང་མུ་མཐུད་འཁོད་གསལ་ལ། དོན་གྲུབ་དབང་ཆེན་ལགས་ཀྱིས་དཔར་ལེན་གྱིས་ཕྱི་ཕྱོགས་སུ་བཏང་འབྱོར་བྱུང་བའི་བརྙན་དཔར་དེ་དག་ཕྱིས་སུ་ཕྱོགས་སྒྲིག་གིས་ ༼འཇིགས་བྲལ་༽ཟེར་བའི་དངོས་འབྱུང་གློག་བརྙན་ཞིག་བཟོས་ཡོད་པ་དེ་ ད་བར་འཛམ་གླིང་གི་རྒྱལ་ཁབ་སུམ་ཅུ་ལྷག་གི་ནང་གཟིགས་འབུལ་ཞུ་ཐུབ་པ་བྱུང་ཡོད་པའི་འགྲེལ་བརྗོད་བྱས་འདུག