རྒྱ་ནག་གི་ཉེན་རྟོག་པའི་ཉེས་རྡུང་འོག་བོད་མི་ཞིག་རྐྱེན་ལམ།
2012.06.11
༄༅༎བོད་ཀྱི་ཁམས་ཉག་རོང་གི་བོད་རིགས་ཤིག་གིས་བོད་རང་བཙན་གྱི་ཡིག་ཆ་འགྲེམས་སྤེལ་བྱས་པའི་རྒྱུ་མཚན་གྱིས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་ཉེས་རྡུང་འོག་རྐྱེན་ལམ་བཏང་བའི་གནས་ཚུལ་བྱུང་འདུག་། འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བའི་ནང་ བོད་ཀྱི་ཁམས་དཀར་མཛེས་ཁུལ་གྱི་ཉག་རོང་རྗོང་གི་ར་ལོ་ས་གནས་ནས་ཡིན་པའི་བོད་རིགས་ དཀར་དབང་ཞུས་པ་ཞིག་གིས་ས་ཁུལ་དུ་རྒྱ་ནག་གི་འཛུགས་སྐྲུན་ལས་གཞིའི་ས་ཁུལ་དུ་བོད་དོན་དང་ འབྲེལ་ཡིག་ཆ་མང་པོ་འགྲེམས་སྤེལ་གནང་ཡོད་ཅིང་། ཁོང་གི་ཡིག་ཆ་དེ་ཚོའི་ནང་ བོད་ལ་རང་ཆོས་རང་བདག་དགོས་། བོད་རང་དབང་རང་བཙན་དགོས་། རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་དགོས་པ་ཞེས་བརྗོད་བྱ་བཀོད་ནས་འགྲེམས་སྤེལ་གནང་ཡོད་པ་རེད་འདུག་། ཁོང་གིས་ཡིག་ཆ་འགྲེམས་སྤེལ་གནང་ནས་ཉིན་གཉིས་ཀྱི་རིང་དུ་ཉེན་གཡོལ་དུ་བསྡད་ནས་ནང་ཁྱིམ་དུ་ཕྱིར་ལོག་བྱས་རྗེས་གློ་བུར་དུ་འཛིན་བཟུང་བྱས་ནས་བཙན་ཁྲིད་བྱས་འདུག་། ཁོང་བཙན་འཁྲིད་བྱས་པ་ནས་ཉིན་གྲངས་ གཉིས་ཀྱི་རྗེས་སུ་ཉེན་རྟོག་ཁོང་གི་ནང་ཁྱིམ་དུ་ཡོང་ནས་ ཡིག་ཆ་འགྲེམས་སྤེལ་བྱས་དགོས་དོན་དང་ ཡིག་ཆ་འགྲེམས་མཁན་རོགས་པ་གཞན་སུ་ཡོད་མེད་དང་ རྒྱུད་སྐུལ་སུ་བྱས་ཡོད་པ་སོགས་དྲི་རྩད་འདྲ་མིན་དང་འཇིགས་བསྐུལ་གྱི་ཐོག་ནས་བསུན་བརྩིར་བྱས་པའི་གནས་ཚུལ་བྱུང་འདུག་། མཐར་དཀར་དབང་འཇུ་བཟུང་བཙན་ཁྲིད་བྱས་ནས་ཉིན་གྲངས་ ༨་ཀྱི་རྗེས་སུ་དཀར་མཛེས་ཁུལ་གྱི་གྲོང་ཁྱེར་གཙོ་བོ་དར་རྩེ་མདོ་ནས་ཁ་པར་འབྱོར་ནས་ དཀར་དབང་གི་རོ་རྩིས་དུ་ཡོང་དགོས་པའི་བཀའ་བཏང་བའི་གནས་ཚུལ་བྱུང་འདུག་། འོན་ཀྱང་དཀར་དབང་གི་ཡིག་ཆ་ག་དུས་འགྲེམས་སྤེལ་དང་འཛིན་བཟུང་བཙན་འཁྲིད་ག་དུས་བྱས་པའི་ཞི་ཕྲིའི་གནས་ཚུལ་གསལ་པོ་བོད་ནང་འབྱོར་བའི་གནས་ཚུལ་ནང་བཀོད་མི་འདུག་།