བོད་མི་ལྷག་བསམ་སྙིང་སྟོབས་ཅན་ཞིག་འདས་གྲོངས།
2011.03.25
༄༅༎རྒྱ་ནག་གི་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་འོག་ནད་གཅོང་དུ་གྱུར་བའི་བོད་མི་ལྷག་བསམ་དང་སྙིང་སྟོབས་ཅན་བུ་ལུག་ལགས་ཞུ་བ་དེ་རིང་ཕྱི་ཟླ་གསུམ་པའི་ཚེས་༢༥ཉིན་ལྷ་ས་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པ་རེད།
དེ་ཡང་གནས་ཚུལ་ཁུངས་ལྡན་འབྱོར་བར་གཞིགས་ན། བུ་ལུག་ལགས་ནི་བོད་མདོ་ཁམས་སྡེ་དགེ་འཇོ་མདའ་རྫོང་ཁོངས་འཛི་སྒར་ཤང་པདྨ་གོང་ཧྲེ་སྟག་ཆེན་སྐེ་ནས་ཡིན་པ་དང༌། ཕྱི་ལོ་༢༠༠༩ལོའི་ཕྱི་ཟླ་དྲུག་པའི་ནང༌། རྒྱ་ནག་གཞུང་གིས་ཁམས་འཇོ་མདའ་ཁུལ་གྱི་སྐྱབས་ཆེ་དགོན་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་སྤེལ་ཏེ། དགོན་པའི་དགེ་འདུན་པ་ཚོར་བཙན་དབང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་དམས་ཞུ་རུ་བཅུག་པའི་ས་རྟགས་ལེན་པའི་སྐབས། དགེ་འདུན་པ་གཅིག་ཀྱིས་ཀྱང་མིང་བཏགས་མ་བཀོག་པ་མ་ཟད། དགེ་འདུན་པ་རྣམས་གང་སར་བྲོས་བྱོལ་དུ་ཕྱིན་ཏེ་ཟླ་བ་གཅིག་ལྷག་རིང་དགོན་པའི་ནང་དགེ་འདུན་གཅིག་ཀྱང་མེད་པར་དགོན་པ་སྟོང་པ་གྱུར་བའི་གནས་ཚུལ་བྱུང་ཡོད་པ་རེད། དེར་བརྟེན་སྐབས་དེ་དུས་ས་གནས་ཀྱི་རྒྱ་མིའི་ཉེན་རྟོག་པས་གྲོང་ཚོའི་འགོ་ཁྲིད་བཀའ་འགུགས་ཀྱིས་དགེ་འདུན་པ་རྣམས་ངེས་པར་དུ་དགོན་པར་ཁྲིད་ཡོང་དགོས་པའི་བཙན་བཀའ་བཏང་བར་རྒྱ་མིའི་བཀའ་ལ་དང་ལེན་མ་བྱས་པའི་ཉེས་འཛུགས་འོག་བོད་མི་ལས་བྱེད་པ་འཛིན་བཟུང་བྱས་པར་བརྟེན། བུ་ལུག་ལགས་གཙོས་པའི་ས་གནས་བོད་མི་ཁག་ཅིག་གིས་ལས་བྱེད་བོད་མི་གློད་བགྲོལ་ཡོང་བའི་འབོད་སྐུལ་བྱས་ཀྱང་ཉན་འཇོག་མ་བྱས་པ་མ་ཟད། འབོད་སྐུལ་བྱེད་མཁན་བོད་མི་འཛིན་བཟུང་བྱས་པའི་ཁོངས་སུ་བུ་ལགས་གཙོས་པའི་བོད་ཁག་ཅིག་མུ་མཐུད་དོ་དམ་བྱས་ཏེ། ཁོང་ལ་བཙོན་འཇུག་གི་ཉེས་ཆད་ཐག་གཅོད་བྱས་པ་དང༌། དུས་དེ་ནས་བཟུང་ཁོང་བོད་ཀྱི་སྤོ་བོ་རྫོང་གི་བཙོན་ཁང་དུ་བཅུག་ཡོད་པ་རེད། ཁོང་ལ་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་བའི་རྐྱེན་གྱིས་སྔ་ལོ་ནས་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་ཇེ་ཞན་ཇི་སྡུག་ཏུ་ཕྱིན་ཡོད་ཀྱང༌། རྒྱ་ནག་གཞུང་གིས་ཁོང་གི་ནང་མི་སྤུན་མཆེད་ཐུག་འཕྲད་རྩ་བ་ནས་བྱེད་དུ་བཅུག་མེད་པ་དང༌། ཁ་ས་ཕྱི་ཚེས་༢༤ཉིན་གནས་སྟངས་ཇེ་སྡུག་ཏུ་སོང་ཏེ་བཙོན་ཁང་ནས་ལྷ་ས་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་ཁྲིད་ཡོད་ཀྱང་ཕན་ནུས་མ་བྱུང་བར་དེ་རིང་༢༠༡༡ལོའི་ཕྱི་ཟླ་གསུམ་པའི་ཚེས་༢༥ཉིན་དགུང་ཚོུད་༡༢དང་ཕྱེད་ཀའི་ཐོག་སྨན་ཁང་དུ་དགོངས་པ་རྫོགས་ཡོད་པ་རེད།