རྒྱ་གཞུང་གིས་བོད་རིགས་རྩོམ་པ་པོ་ཞིག་འཛིན་བཟུང་བྱས་པ།
2012.02.18
༄༅༎དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཕྱི་ཟླ་ ༢ ཚེས་ ༡༨ ཉིན་གཞུང་འབྲེལ་དྲ་རྒྱའི་ཐོག་མདོ་སྨད་སྤྱི་ཟུར་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ཞིག་འདོན་སྤེལ་བྱས་འདུག་པ་དེའི་ནང་། བོད་མི་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་ཕྱི་ཚེས་ ༡༥ འི་མཚན་མོ་ཚོུད་ ༡༡ ཙམ་ལ་ཁོང་རང་ཁྱིམ་ནས་དཀར་མཛེས་ཁུལ་གྱི་ཉེན་རྟོག་མི་སྣ་དང༌། གསང་བའི་མི་སྣ། དེ་བཞིན་གསེར་རྟ་རྫོང་གི་ཉེན་རྟོག་མི་སྣ་དང༌། གསང་བའི་མི་སྣ་སོགས་ཁྱོན་མི་གྲངས་ ༢༠ ཙམ་ཡོད་པ་དང༌། དེའི་ཁོངས་སུ་གསེར་རྟ་རྫོང་གི་ཉེན་རྟོག་ལས་ཁང་གི་འགོ་གཙོ་དང༌། གསང་བའི་ལས་ཁུངས་ཀྱི་འགོ་གཙོ་བཅས་ཡོད་པར་མ་ཟད། གསེར་རྟ་རྫོང་གྲོང་གི་ཆ་ཚང་སློབ་གྲྭ་ཞེས་པའི་སློབ་ཆུང་དེའི་འགོ་གཙོ་ཆོས་དེར་ཟེར་བ་དེ་ཡང་དེའི་ཁོངས་སུ་སླེབས་ཡོད་འདུག
རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་ནི་རང་ལོ་ ༣༢ ཡིན་པ་དང༌། ཁོང་གི་རང་ཁྱིམ་དུ་རྒྱ་ནག་གཞུང་གི་མི་སྣས་བསྔོགས་གཤེར་བྱས་པའི་སྐབས། ཁོང་གི་བཟའ་ཟླས་སྒྲུབ་པ་སྐྱབས་བཟུང་དོན་ཇི་ཡིན་དང༌། ཁྱིམ་དུ་བསྔོགས་གཤེར་ཆོག་པའི་གོང་རིམ་གྱི་ཆོག་མཆན་ཡིག་ཆ་ཡོད་མེད་སོགས་སྐད་ཆ་དྲིས་པར། འཇུ་བཟུང་དང་བསྔོགས་གཤེར་བྱེད་མཁན་གྱི་ལས་བྱེད་པ་ཚོས་ སྒྲུབ་པ་སྐྱབས་ལ་སྐད་ཆ་འདྲི་རྒྱུ་ཡོད་པ་དེའི་ཆེད་ཁོང་འཁྲིད་བཞིན་ཡོད་ལུགས་ལན་འདེབས་བྱས་པ་ཙམ་ལས། འཇུ་བཟུང་དང་བསྔོགས་གཤེར་ཆོག་པའི་ཡིག་ཆ་སོགས་གང་ཡང་མཁོ་སྤྲོད་བྱས་མེད་པ་རེད་འདུག།
དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་དེའི་ནང༌། སྒྲུབ་པ་སྐྱབས་ལགས་ཀྱི་ནང་ནས་ཁྲིམས་འགལ་གྱི་དངོས་རྫས་རིགས་གང་ཡང་ཐོན་མི་འདུག་ཀྱང༌། ཉེན་རྟོག་མི་སྣས་ཁོང་རང་ཁྱིམ་ནས་བཙན་འཁྲིད་བྱས་ཤིང༌། ད་ཆ་ཁོང་གར་ཡོད་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོག་མེད་པ་ཡིན་འདུག སྒྲུབ་པ་སྐྱབས་ལགས་ཀྱི་སྨྱུག་མིང་ལ་གངས་མེ་སྟག་ཅེས་འབོད་པ་དང༌། ཁོང་གི་ཕ་མིང་ལ་ཐུབ་ཉི་དང༌། མང་མིང་ལ་དབང་མོ། བཟའ་ཟླའི་མིང་ལ་དབང་ཕྱུགས་ལྷ་མོ་ཞེས་འབོད་ཅིང༌། ཕྲུ་གུ་གཉིས་ཡོད་འདུག་པ་ཆེ་བ་བོུ་རང་ལོ་བརྒྱད་ཅན་ཞིག་དང༌། ཆུང་བ་བུ་ལོ་ ༥ ཅན་ཞིག་ཡོད་འདུག།
སྒྲུབ་པ་སྐྱབས་ལགས་གསེར་རྟ་རྫོང་མི་རིགས་སློབ་འབྲིང་དང་དཀར་མཛེས་གནང་ཞིང༌། འཇུ་བཟུང་མ་བྱས་གོང་སྒེར་གཉེར་སློབ་གྲྭ་ཞིག་ཏུ་དགེ་རྒན་གནང་བཞིན་ཡོད་འདུག། ཁོང་གིས་ ལས་དབང་གི་རྒྱང་འབོད་དང༌། ལོ་ཟླའི་ཁ་མདོག། དུས་རབས་ཀྱི་ན་ཟུག། དེ་རིང་གི་མི་ཆུ་སོགས་དཔེ་དེབ་གཅིག་ཀྱང་བརྩམས་ཡོད་པ་རེད།།