གསེར་རྟ་རྫོང་རགས་བཀྲམ་ཡུལ་ཚོའི་སྲིད་གཞུང་གི་མདུན་དུ་ངོ་རྒོལ།
2012.02.24
༄༅༎བོད་ཀྱི་ལོ་སར་ཚེས་གཅིག་ཉིན་གསེར་རྟ་རྫོང་རགས་བཀྲམ་ཡུལ་ཚོའི་སྲིད་གཞུང་གི་མདུན་དུ་བོད་མི་བཞི་བཅུ་ཡས་མས་ཀྱིས་མྱ་ངན་ངག་བཅད་སྡུག་ཚོགས་ཞེས་པའི་ཞི་བའི་ངོ་རྒོལ་བྱས་འདུག
བོད་ཀྱི་ལོ་སར་ཉིན་གྱི་ས་གནས་དགོང་མོ་དུས་ཚོད་ལྔ་བ་ནས་དགུ་བའི་བར་སུ་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གསེར་རྟ་རྫོང་རགས་བཀྲམ་ཡུལ་ཚོའི་སྲིད་གཞུང་མདུན་དུ་བོད་མི་སུམ་ཅུ་ནས་བཞི་བཅུ་ཙམ་གྱིས་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་དང་མྱ་ངན་ཡོད་ཅེས་བྲིས་པའི་འཕྲེད་དར་ཆེན་པོ་འཕྱར་ཏེ་མྱ་ངན་ངག་བཅད་སྡུག་ཚོགས་འཚོགས་ཡོད་པའི་སྐོར་ད་ལྟ་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་དགོན་པའི་ཕ་ཡུལ་གསེར་རྟ་ནས་ཡིན་པའི་དགེ་འདུན་པ་འཇམ་དབྱངས་བློ་གྲོས་ལགས་ཀྱིས་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་དང་། དེ་བཞིན་ཁོང་གིས་མུ་མཐུད་ནས་གསུང་དོན་ལ། གནས་ཚུལ་འདི་མཚོ་སྔོན་གྱི་ས་ཁུལ་ཁ་ཤས་དང་ཁྲིན་ཏུའུ་སོགས་ན་ཡོད་པའི་གསེར་རྟའི་བོད་མི་ཁ་ཤས་ཀྱིས་གསུང་བ་ལས་ཐད་ཀར་ད་ལྟ་གསེར་རྟ་ས་ཁུལ་ལ་འབྲེལ་བ་བྱེད་ཐུབ་མེད་ཟེར། གོང་བརྗོད་ཞི་བའི་ངོ་རྒོལ་གྱི་སྐབས་དེར་མི་སྣ་འཛིན་བཟུང་གི་གནས་ཚུལ་ཐོན་མེད་ཀྱང་རྗེས་སུ་འཛིན་བཟུང་བྱས་ཡོད་མེད་སོགས་ད་ལྟ་གསལ་ཆ་གང་ཡང་མེད་པའི་སྐོར་ངོ་སྤྲོད་གནང་འདུག།