ཨཕ་ག་ནི་སི་ཐན་གྱི་སྲིད་འཛིན་རྒྱ་ནག་ཏུ་འཚམས་གཟིགས།
2010.03.21
༄༅༎ཨཕ་ག་ནི་སེ་ཐན་གྱི་སྲིད་འཛིན་ཧ་མིརྡ་ཀར་ཛའི་མཆོག་རེས་གཟའ་མིག་དམར་ནས་ཕུར་བུ་བར་ཉིན་གསུམ་རིང་རྒྱ་ནག་ནང་གཞུང་འབྲེལ་གཟིགས་སྐོར་དུ་བསྐྱོད་དེ་སྟོབས་ཆེན་ཁྱིམ་མཚེས་རྒྱལ་ཁབ་དང་མཛའ་འབྲེལ་ཟབ་དུ་གཏོང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག༎
ཨེ་ཕེཕ་པི་སོགས་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སླེལ་བར་གཞིགས་ན་ཨ་རིའི་ཕྱོགས་གཏོགས་དཔུང་དམག་གིས་ཏ་ལི་བན་གྱི་གཞུང་ཕྱིར་འབུད་བྱས་ནས་ལོ་བརྒྱུད་ཀྱི་རྗེས་སུ་ད་ཆ་སྲིད་འཛིན་ཀར་ཛའི་མཆོག་གིས་ཁྱིམ་མཚེས་རྒྱ་ནག་དང་མཛའ་འབྲེལ་ཟབ་ཏུ་གཏོང་རྒྱུ་ཡིན་པ་དང་དེས་སླད་ཕྱིན་ཆད་ཨ་རིའི་དཔུང་དམག་ཕྱིར་འཐེན་བྱས་པའི་རྗེས་སུ་རྒྱལ་ཁབ་ཀྱི་བདེ་འཇགས་དང་འཛུགས་བསྐྲུན་དང་འབྲེལ་བ་ཆེན་པོ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག ཀར་ཛའི་མཆོག་སྲིད་འཛིན་དུ་བསྐྱར་དུ་ངོས་འདེམས་བྱུང་བའི་རྗེས་སུ་རྒྱ་ནག་ནང་ཕེབས་ཐེངས་དང་པོ་དེ་ཡིན་པ་དང་གཟིགས་སྐོར་འདིའི་རིང་སྲིད་འཛིན་ཧུ་ཅིན་ཏའོ་དང་སྲིད་འཛིན་ལྦན་ཅ་པོ་རྣམ་གཉིས་མཇལ་འཕྲད་ཀྱིས་ད་ཆ་གཞུང་གིས་ཏ་ལི་བན་དང་འགྲིག་འཇགས་ཀྱི་འཆར་གཞིའི་སྐོར་ནང་མོལ་གནང་རྒྱུ་ཡིན་འདུག དེ་ལྟར་ཡང་བཀའ་བསྡུར་གྱི་ནང་དོན་གཙོ་བོ་དཔལ་འབྱོར་སྐོར་ཡིན་ལུགས་མགྲིན་ཚབ་པ་ལྦ་ཡིརྡ་ཨོ་མར་གྱིས་འགྲེལ་བརྗོད་གནང་འདུག དེ་ལྟར་ཡིན་པའི་རྣམ་པར་སྲིད་འཛིན་གྱི་ལྷན་དུ་ཨཕ་ག་ནི་སི་ཐན་གྱི་ཚོང་དཔོན་མང་དག་ཞིག་ཕེབས་ཀྱི་ཡོད་འདུག རྒྱ་ནག་གིས་ཨཕ་ག་ནི་སི་ཐན་ནང་ཞི་བདེའི་དཔུང་དམག་བཏང་མེད་ཀྱང་རྒྱུ་དངོས་ཀྱི་རོགས་སྐྱོར་རྒྱ་མི་ཆུང་བ་ཞིག་ཆ་རྐྱེན་གང་ཡང་མེད་པར་གནང་མུས་ཡིན་པ་རེད་ རྒྱ་ནག་གིས་ཨཕ་ག་ནི་སི་ཐན་གྱི་རང་བྱུང་གཏེར་རིགས་ལ་དམིགས་བསལ་དོ་སྣང་བྱེད་བཞིན་པ་རེད་ དཔེར་ནང་ལོ་གསུམ་གོང་རྒྱ་ནག་གིས་ཨཕ་ག་ནི་སི་ཐན་ནང་ཟངས་གཏེར་མངོགས་འདོན་གྱི་ལས་གཞིའི་ཐོག་ཨ་རིའི་ཌོ་ལར་ཐེར་འབུམ་གསུམ་བཏང་ཡོད་རེད༎