རེབ་གོང་ས་གནས་སུ་གཏེར་ཁ་བསྔོག་འདོན་མཚམས་འཇོག་མེད་པ།

བོད་མདོ་སྨད་ཨ་མདོ་རེབ་གོང་གི་ས་གནས་སུ་རྒྱ་ནག་གིས་གསེར་གྱི་གཏེར་ཁ་བསྔོགས་འདོན་བྱེད་བཞིན་ཡོད་པ་རེད།

2011.04.23

༄༅༎བོད་མདོ་སྨད་ཨ་མདོ་རེབ་གོང་གི་ས་གནས་སུ་འདས་པའི་ལོ་བཅུ་ལྷག་རིང་། རྒྱ་ནག་གིས་གསེར་གྱི་གཏེར་ཁ་བསྔོགས་འདོན་བྱེད་བཞིན་པ་ད་དུང་ཡང་མཚམས་བཞག་མེད་པར་མ་ཟད། ཨ་མདོ་རེབ་གོང་སྟོད་སྨད་བར་གསུམ་གྱི་མང་ཚོགས་ཀྱིས་འཐུང་ཆུར་ལོངས་སྤྱོད་པའི་རེབ་གོང་དགུ་ཆུ་ཞེས་པའི་ཆུ་བོ་ཆེན་པོ་འདིར་འབག་བཙོག་ཚབས་ཆེ་གཏོང་བཞིན་ཡོད་པ་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བ་ཞིག་ལུང་འདྲེན་བྱས་འདུག

རེབ་གོང་དགུ་ཆུ་ཞེས་པའི་ཆུ་འདིའི་འགོ་ཁུངས་གདར་གཙང་རྣམ་སྨན་ཕྱུགས་མོ་ཞེས་པའི་རི་བོ་དེར་ཐུག་ཡོད་འདུག་པ་དང་། རྒྱ་ནག་གཞུང་གིས་རི་བོ་དེའི་ཁོངས་ནས་གསེར་གྱི་གཏེར་ཁ་སྔོག་འདོན་ལོ་བཅུ་བརྒལ་བ་བྱས་ཟིན་པ་དང་། ད་དུང་ཡང་མུ་འཐུད་བྱེད་བཞིན་པར་མ་ཟད། གཏེར་ཁའི་ལས་གཞི་དང་འབྲེལ་བའི་དུག་རྫས་སྣ་ཚོགས་ཕངས་པའི་རྐྱེན་གྱིས་མི་ཕྱུགས་ཀུན་ལ་གནོད་པ་ཚབས་ཆེན་བཟོ་བཞིན་ཡོད་པའི་གནས་ཚུལ་དེའི་ནང་བཀོད་འདུག

དེ་མཚུངས་རྒྱ་ནག་གི་གཏེར་ཁ་སྔོག་འདོན་བྱེད་མཁན་ཚོས་རང་འབྱུང་ཁོར་ཡུག་བདག་གཅེས་ལ་སེམས་འཁུར་རྩ་བ་ནས་མི་བྱེད་པའི་ཐོག་ནས། རྩ་ཐང་ཀུན་ལ་གས་རྫས་མང་པོ་སྤར་ནས་རི་དང་། སྤང་རི། ནགས་རི་སོགས་བྱེ་ཐང་དུ་བསྒྱུར་བ་མ་ཟད། རི་དྭགས་གཅན་གཟན་སྣ་ཚོགས་ཆགས་སའི་གནས་མེད་པར་གྱུར་ཡོད་འདུག།

ས་གནས་བོད་མི་ཚོས་རི་འདི་ནི་གནས་རི་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་དང་། རི་དེའི་རི་འགོ་དང་རི་སྐེད་ལ་ལབ་རྩེ་ཆེ་ཆུང་དགུ་ཡོད་པ་དང་གྲུབ་གནས་གཉིས་ཡོད་པ་དེ་དག་ནི། ལོ་ངོ་སྟོང་ཕྲག་འགའ་ཤས་རིང་ས་གནས་ཡུལ་མི་ཚོས་དད་པ་བྱེད་ཡུལ་ཞིག་ཡིན་སྟབས། ས་གནས་མི་དམངས་ཀྱིས་རྒྱ་ནག་དབུས་གཞུང་ལ་ལྷ་རི་དེ་ཉམས་ཉེས་མི་ཡོང་བའི་ཞུ་གཏུག་རིམ་པ་བྱས་ཀྱང་། ཁོང་ཚོའི་ཞུ་གཏུག་ལ་དྭང་ལེན་བྱེད་རྒྱུ་ལྟ་ཞོག་ དེ་ལས་ལྡོག་སྟེ་ཉེས་མེད་མང་ཚོགས་ལ་སྡུག་སྦྱོང་ཕོག་བཞིན་ཡོད་པ་བོད་ནས་འབྱོར་བའི་གནས་ཚུལ་དེའི་ནང་བཀོད་ཡོད་པར་མ་ཟད། དཔེར་ན། ལོ་ ༤༥ ཡིན་པ་ ཀ་རོང་སྡེ་པའི་ཚེ་དབང་སྐྱབས་དང་། ལོ་ན་ ༥༠ ཡིན་པ་རྩི་ལོ་རྒྱལ། ཡང་ལོ་ ༤༥ ཡིན་པ་སྒྲ་ཏེ་དང་། ཡང་ལོ་ ༣༠ ཡིན་པ་ལྷ་གོ་ཕོ་ལོ་བཅས་མི་བཞི་པོར་ལོ་གཉིས་རིང་ཁྲིམས་ཁང་སྣ་ཚོགས་བརྒྱུད་དཀའ་སྡུག་མྱངས་རྗེས་མཐར་ལོ་ ༢ ཀྱི་ཁྲིམས་ཐག་བཅད་སྟེ་ད་ལྟ་ཟི་ལིང་བཙོན་ཁང་དུ་བཙོན་དུས་གྲུབ་བཞིན་ཡོད་པའི་གནས་ཚུལ་བརྗོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎