རྒྱ་གཞུང་གིས་བོད་ནང་དུས་ཟིངས་ཡོང་རྒྱུའི་ཚོད་དཔག་བྱེད་སྐོར།
2009.01.10
༄༅༎ཕྱི་ལོ་༢༠༠༩འདི་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུས་བོད་མི་འབུམ་ཕྲག་གཅིག་ཙམ་བཙན་བྱོལ་དུ་ཕེབས་ཏེ་ལོ་ངོ་ལྔ་བཅུ་འཁོར་བའི་དུས་ཚིགས་ཤིག་ཡིན་སྟབས་རྒྱ་ནག་གཞུང་གིས་བོད་ནང་དུས་ཟིངས་ཡོང་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་པ་པེ་ཅིང་ནས་ཨེལ་ཇ་ཛི་རའི་གསར་ལས་ཁང་གི་གསར་འགོད་པ་ཌི་ནའ་ག་ཌེ་ནར་གྱིས་གནས་ཚུལ་སྤེལ་འདུག
འོན་ཀྱང་བོད་དང་བོད་དོན་མཁས་པ་ཚོས་རྒྱ་ནག་གཞུང་གིས་བོད་ནང་དམ་བསྒྲགས་སྟངས་འཛིན་ཧ་ལས་པའི་ཆེན་པོ་བྱེད་བཞིན་ཡོད་སྟབས་སྔ་ལོ་ཕྱི་ཟླ་གསུམ་པའི་ནང་བྱུང་བའི་ངོ་རྒོལ་སྒེར་ལངས་ཀྱི་ཚད་གཞི་ལྟ་བུ་འབྱུང་ཐུབ་རྒྱུ་མིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད། ལྷ་སར་བཅའ་སྡོད་མིང་འབོད་མ་བྱས་པའི་བོད་མི་ཞིག་གིས་ཨེལ་ཇ་ཛི་རའ་གསར་ལས་ཁང་ལ་ལྷ་སའི་ནང་གི་ས་ཕྱོགས་གང་སར་དམག་མི་ཁྱོན་ཆེ་འགྲེམ་འཇོག་བྱེད་པ་སོགས་གྲོང་ཁྱེར་ནང་གི་གནས་སྟངས་ཧ་ཅང་སྡུག་པོ་འདུག་ཅེས་དང་བོད་ཀྱི་ས་ཁུལ་གཞན་ཁག་ནས་ལྷ་ས་གནས་མཇལ་དུ་ཡོང་མཁན་ཚོ་ཡང་ཉེན་རྟོག་པས་འཚོལ་ཞིབ་ཀྱིས་སོ་སོའི་ས་ཁུལ་དུ་ཕྱིར་སློག་བྱེད་ཀྱི་འདུག་ཅེས་བརྗོད་འདུག
ཡང་རྒྱ་ནག་ནང་བཅའ་ཞུགས་བོད་རིགས་རྩོམ་པ་པོ་གྲགས་ཅན་འོད་ཟེར་ལགས་ཀྱིས་ཀྱང་ཉེ་བའི་ཆར་ལྷ་སའི་ནང་གི་དགོན་སྡེ་ཁག་གི་ནང་རྣམ་ཀུན་གྱི་ཉེན་རྟོག་པ་དཔུང་འཇོག་བྱེད་བཞིན་པའི་ཁར་ད་དུང་མི་དམངས་དམག་གི་དྲག་ཆས་ཉེན་རྟོག་པ་ཁ་སྣོན་བཏང་ཡོད་པ་རེད་ཅེས་དང་མཚོ་སྔོན་དང་ཀན་སུ།ཟི་ཁྲོན།ཡུ་ནན་སོགས་བོད་ཀྱི་ས་ཁུལ་གཞན་ནས་ལྷ་སར་གནས་མཇལ་ཡོང་མཁན་ཚོ་ཕྱིར་འབུད་བྱེད་བཞིན་པར་མ་ཟད་ཚོང་ལས་ཀྱང་སྤེལ་དུ་འཇུག་གི་མེད་པ་འོད་ཟེར་ལགས་ཀྱིས་འགྲེལ་བརྗོད་གནང་འདུག
རྒྱ་ནག་གི་མཁས་པ་ཁག་ཅིག་གིས་བོད་ནང་དུས་ཟིངས་མི་ཡོང་བའི་རེ་བའི་ཐབས་ལམ་བཟང་ཤོས་ནི་གྲོས་མོལ་གྱི་བརྒྱུད་ལམ་དེ་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད་འདུག་ཅིང་དཔེར་ན་པེ་ཅིང་ཕྱི་རྒྱལ་ཤེས་ཡོན་གྱི་གཙུག་ལག་སློབ་གྲྭ་ཆེན་མོའི་ལྟ་གྲུབ་དང་སྤྱི་ཚོགས་ཚན་རིག་གི་སློབ་དཔོན་ཀོང་ཡུ་ཞོན་གྱིས་གལ་ཏེ་པེ་ཅིང་གཞུང་གིས་ཕྱིར་སྡོད་བོད་མི་དང་འབྲེལ་ལམ་བཟང་དུ་གཏང་ཐུབ་ཚེ་བོད་ནང་དུས་ཟིངས་ཉུང་བ་ཡོང་གི་རེད་ཅེས་གསུངས་འདུག ད་དུང་སློབ་དཔོན་ཀོང་ཡུ་ཞོན་གྱིས་ངོ་རྒོལ་དུས་ཟིངས་ཇི་ཙམ་ཡོང་མིན་ནི་ཏཱ་ལའི་རུ་ཚོགས་དང་རྒྱ་ནག་གཞུང་དབར་གྱི་འབྲེལ་ལམ་གྱི་ཚད་གཞིར་རག་ལུས་ཡོད་པ་རེད། དཔེར་ན་ཐའེ་ལྦན་གྱི་གནས་ཚུལ་ལ་གཞིགས་ན་ད་ཆ་རྒྱ་ནག་གཞུང་དང་ཐའེ་ལྦན་དབར་འབྲེལ་ལམ་བཟང་པོ་ཞིག་བཟོ་ཐུབ་ཡོད་པ་ལྟར་གལ་ཏེ་རྒྱ་ནག་གཞུང་གིས་ཏཱ་ལའི་རུ་ཚོགས་དང་ཡང་དེ་མཚུངས་ཤིག་བྱ་ཐུབ་ཚེ་བོད་ནང་དུས་ཟིངས་འབྱུང་རྒྱུའི་ཉེན་ཁ་ཆུང་དུ་འགྲོ་གི་རེད་ཅེས་གསུངས་འདུག
བོད་རྒྱའི་དབར་སྔ་ལོའི་ཕྱི་ཟླ་བཅུ་གཅིག་པའི་ནང་འབྲེལ་མོལ་ཐེངས་བརྒྱད་པ་དེ་གནང་ཡོད་པ་དང་སྐབས་དེར་བོད་པའི་སྐུ་ཚབ་ཀྱི་ངོས་ནས་རྒྱ་ནག་གཞུང་ལ་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་འབྱུང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཞིག་ཕུལ་ཡོད་ཀྱང་རྒྱ་ནག་གཞུང་གིས་དེ་ནི་དོན་དུ་རང་བཙན་འགྲུབ་ཐབས་ཀྱི་ཡིག་ཆ་ཞིག་ཡིན་པ་བརྗོད་དེ་ཕྱོགས་གཉིས་དབར་གྱི་འབྲེལ་ལམ་ཐད་དོ་ཕོག་བྱུང་ཞིང་འབྲེལ་མོལ་ཐེངས་དགུ་པ་ནམ་ཞིག་གནང་མིན་ཁ་གསལ་གང་ཡང་མེད་པར་གནས་ཡོད་པ་རེད༎