བོད་ནང་བདེ་འཇགས་སྲ་བརྟན་གཏོང་དགོས་སྐོར་ནན་བརྗོད།
2011.03.07
༄༅༎རྒྱ་ནག་དམར་ཤོག་སྲིད་དབང་གིས་བོད་ཐོག་དབང་བསྒྱུར་བྱས་ནས་ལོ་ངོ་༦༠ཙམ་འཁོར་གྱི་ཡོད་པ་དང༌། བོད་ནང་མང་ཚོགས་ཀྱི་ཞི་བའི་སྒེར་ལངས་བྱས་པའི་གསུམ་བཅུའི་དུས་དྲན་རན་ལ་ཉེ་བའི་ཉིན་འགའ་ཤས་སྔོན་རྒྱ་ནག་གཞུང་གི་དཔོན་རིགས་ཚོས་བོད་ནང་བཅོས་སྒྱུར་དང་གཞི་རྩའི་འཛུགས་སྐྲུན་ལས་འཆར་གོང་འཕེལ་གཏོང་རྒྱུའི་ཁས་ལེན་བྱས་པ་དང་ཆབས་ཅིག་། བོད་ནང་བདེ་འཇགས་སྲ་བརྟན་དགོས་གལ་ཆེ་སྐོར་ནན་བརྗོད་བྱེད་བཞིན་ཡོད་པ་རེད།
ཁ་ས་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གི་སྲིད་འཛིན་ཧུ་ཅིང་ཏའོ་ཡིས་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་སར་འབྱོར་བའི་བོད་རང་སྐྱོང་ལྗོགས་ཀྱི་སྐུ་ཚབ་ཚོར་གཏམ་བཤད་བྱ་སྐབས། རྒྱ་ནག་གཞུང་གིས་བོད་ནང་མ་རྩ་འཛུགས་འཇོག་གཞི་རྒྱ་ཆེ་རུ་གཏོང་རྒྱུ་དང་དཔལ་འབྱོར་གོང་འཕེལ་གཏོང་ཕྱོགས་སྐོར་འགྲེལ་བརྗོད་བྱས་འདུག། རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་སྤེལ་བའི་གནས་ཚུལ་ནང༌། སྲིད་འཛིན་ཧུ་ཡིས་བཅོས་སྒྱུར་གྱི་ལས་དོན་ལག་བསྟར་བྱ་རྒྱུ་དང༌། བོད་ནང་བདེ་འཇགས་སྲ་བརྟན་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུ། འཛུགས་སྐྲུན་གོང་འཕེལ་གཏོང་ཐབས་ཐད་ཚང་མས་ཧུར་བརྩོན་ཆེན་པོ་བྱེད་དགོས་པའི་སྐོར་རྒྱ་ནག་གི་སྲིད་འཛིན་ཧུ་ཡིས་རེ་སྐུལ་བྱས་ཡོད་པ་རེད།
དེ་བཞིན་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོས་པའི་འགོ་ཁྲིད་ཀྲང་ཆིང་ལི་ཡིས་ བརྟན་ལྷིང་བདེ་འཇགས་ལ་གནོད་སྐྱོན་གཏོང་མཁན་གྱི་རིགས་ལ་གདོང་ལེན་ཁ་གཏད་གཅོག་རྒྱུ་ཡིན་སྐོར་བརྗོད་དེ། མའོ་ཙེ་ཐུང་གིས་འགོ་ཁྲིད་པའི་རྒྱ་ནག་དམར་ཤོག་ཚོགས་པས་བོད་ནང་ཞི་བའི་བཅིངས་བཀྲོལ་བཏང་ནས་ལོ་༦༠ཕྱིན་པའི་རྗེས་སུའང༌།བོད་ནང་ཁ་བྲལ་རིང་ལུགས་པའི་ཉེན་ཁར་གདོང་ལེན་བྱེད་དགོད་པའི་གནས་སྟངས་ཡོད་བཞིན་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་དང༌། ཀྲང་ཆིང་ལི་བོད་ནང་གནས་སྟངས་སྲ་བརྟན་མེད་ཚེ་དཔལ་འབྱོར་ཡར་རྒྱས་འགྲོ་རྒྱུ་མིན་སྐོར་བརྗོད་བཞག།