ཨེ་ཤི་ཡས་དྲག་པོའི་སྔོན་རྩིས་ལ་ལོ་རེ་བཞིན་སྤར་ཆ་བྱེད་བཞིན།
2009.04.05
༄༅༎རྒྱ་དཀར་ནག་གཉིས་ཀྱིས་དྲག་པོའི་སྔོན་རྩིས་ལ་སྤར་ཆ་ཆེན་པོ་བྱེད་བཞིན་པའི་ཤུགས་རྐྱེན་ཨེ་ཤི་ཡའི་ཞི་བདེ་རྒྱ་མཚོའི་ཁུལ་དུ་ཆགས་པའི་ཡུལ་གྲུ་ཁག་ལ་ཐེབས་ཏེ་དྲག་པོའི་སྔོན་རྩིས་ལ་ལོ་རེ་བཞིན་སྤར་ཆ་བྱེད་བཞིན་པ་རེད། ཨེ་ཤི་ཡའི་ཞི་བདེ་རྒྱ་མཚོའི་ཁུལ་དུ་སྔར་ལོའི་དྲག་པོའི་སྔོན་རྩིས་ཕྱོགས་བསྡོམས་ཨ་རིའི་ཌོ་ལར་ཐེར་འབུམ་ཉིས་བརྒྱ་ཉི་ཤུ་དང་འདི་ལོ་ཨ་རིའི་ཌོ་ལར་ཐེར་འབུམ་ཉིས་བརྒྱ་སུམ་ཅུ་སོ་དགུ་བྱེད་ཀྱི་ཡོད་པ་རེད། འཛམ་གླིང་ཁྱོན་ཡོངས་ནང་དཔལ་འབྱོར་ཉམ་རྒུད་འགྲོ་བཞིན་པའི་དཀའ་ངལ་འཕྲད་བཞིན་པ་དེ་ལྟར་ཡང་སིང་ག་པོར་རྒྱལ་ཁབ་ཀྱི་དྲག་པོའི་དངུལ་རྩིས་ལ་སྤར་ཆ་བརྒྱ་ཆ་དྲུག་ཙམ་བྱས་ཏེ་ཨ་རིའི་ཌོ་ལར་ཐེར་འབུམ་བརྒྱད་ཙམ་བྱེད་ཀྱི་ཡོད་པ་རེད། ཨེ་ཤི་ཡའི་ཡུལ་གྲུ་ཡོངས་ནས་རྒྱ་ནག་གི་དྲག་པོའི་སྔོན་རྩིས་ཀྱི་འགྲོ་གྲོན་མཐོ་ཤོས་ཡིན་ཞིང་སྔར་ལོའི་རྒྱ་ནག་གི་དྲག་པོའི་དངུལ་རྩིས་ཨ་རིའི་ཌོ་ལར་ཐེར་འབུམ་ལྔ་ཅུ་ང་དགུ་ཙམ་བྱེད་ཀྱི་ཡོད་པའི་ཁར་འདི་ལོ་བརྒྱ་ཆ་བཅོ་ལྔ་ཙམ་སྤར་ཆ་བྱས་ཏེ་ཨ་རིའི་ཌོ་ལར་ཐེར་འབུམ་དྲུག་ཅུ་རེ་དགུ་ཙམ་བྱེད་ཀྱི་ཡོད་པ་རེད། ཕྱོགས་མཚུངས་རྒྱ་གར་གྱི་དྲག་པོའི་དངུལ་རྩིས་ཀྱི་བསྡོམས་འབོར་ཨ་རིའི་ཌོ་ལར་ཐེར་འབུམ་ཉི་ཤུ་རྩ་དགུ་ཙམ་བྱེད་ཀྱི་ཡོད་པ་རེད། རྒྱ་གར་གྱི་དམག་མིའི་གྲངས་འབོར་ས་ཡ་གཅིག་དང་གྲངས་ཆུང་གཉིས་ཙམ་བྱེད་ཀྱི་ཡོད་ཅིང་དེ་ནི་འཛམ་གླིང་ནང་དམག་མིའི་གྲངས་འབོར་ཨང་བཞི་པར་སླེབས་ཀྱི་ཡོད་པ་རེད། དེ་བཞིན་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་པ་ཀིསི་ཏན་གྱི་དྲག་པོའི་དངུལ་རྩིས་ཀྱི་བསྡོམས་འབོར་ཐེར་འབུམ་དྲུག་ལྷག་ཙམ་བྱེད་ཀྱི་ཡོད་པ་དང་ལོ་རེ་བཞིན་སྤར་ཆ་གང་ཐུབ་བྱེད་བཞིན་པ་རེད། མདོ་དོན་རྒྱ་དཀར་ནག་གཉིས་ཀྱི་ཤུགས་རྐྱེན་འོག་དཔལ་འབྱོར་དཀའ་ངལ་ཡོད་མིན་ལ་མ་ལྟོས་པར་ཨེ་ཤི་ཡའི་ཡུལ་གྲུ་ཕལ་མོ་ཆེས་དྲག་པོའི་སྔོན་རྩིས་ལ་ལོ་རེ་བཞིན་སྤར་ཆ་བྱེད་བཞིན་པ་རེད༎