ཨ་རིའི་སྲིད་འཛིན་ཨེ་ཤེ་ཡར་འཚམས་འདྲི་གནང་རྒྱུ།
2009.11.08
༄༅༎ཨ་མེ་རི་ཀའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་ཨེ་ཤེ་ཡའི་གླིང་ཕྲན་ནང་གཞུང་འབྲེལ་གཟིགས་སྐོར་ཐོག་མ་དེ་ཉིན་ཤས་ནང་འགོ་འཛུགས་གནང་རྒྱུ་ཡིན་འདུག
རེས་གཟའ་པ་སངས་ཉིན་སྲིད་འཛིན་ཨོ་སྦ་མ་མཆོག་ཐོག་མར་ཉི་ཧོང་ལ་གཟིགས་སྐོར་དུ་ཕེབས་ཏེ་སྲིད་འཛིན་ཡུ་ཀིའོ་ཧ་ཏོ་ཡ་མ་མཆོག་དང་མཇལ་འཕྲད་ཀྱིས་ཡུལ་གཉིས་ཀྱི་མཛའ་འབྲེལ་སྤྱི་དང་བྱེ་བྲག་ཏུ་ཨ་མེ་རི་ཀའི་དམག་མིའི་ལྟེ་གནས་ཤིག་ཨོ་ཀི་ན་ལྦར་སྤོ་རྒྱུ་དང་སོགས་སྲུང་སྐྱོབས་དང་ཆབ་སྲིད་སྐོར་བཀའ་མོལ་གནང་རྒྱུ་ཡིན་འདུག
དེ་ནས་སྲིད་འཛིན་མཆོག་གིས་ཕྱི་ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་དང་བཅོ་ལྔ་ཉིན་གཉིས་རིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་གྱི་ལྷན་ཚོགས་ནང་མཉམ་ཞུགས་ཐོག་མ་དེ་གནང་རྒྱུ་དང་དེ་མཚམས་རྒྱལ་ཁབ་བཅུ་ལས་གྲུབ་པའི་ལྷོ་ཤར་ཨེ་ཤེ་ཡའི་མཐུན་ཚོགས་ཀྱི་དབུ་ཁྲིད་རྣམས་དང་མཇལ་འཕྲད་ཐོག་མ་དེ་གནང་རྒྱུ་ཡིན་འདུག ཨ་མེ་རི་ཀས་ལོ་མང་རིང་འབར་མའི་དྲག་པོའི་གཞུང་དང་གཞུང་འབྲེལ་གནང་མེད་ཀྱང་ད་ཆ་སྲིད་འཛིན་ཨོ་སྦ་མ་མཆོག་གིས་འབར་མའི་དྲག་པོའི་གཞུང་དང་འབྲེལ་གསར་གཏོད་གནང་རྒྱུ་ཡིན་འདུག དེ་ལྟར་ཡང་ཨ་རིའི་སྲིད་འཛིན་གྱིས་འབར་མའི་དྲག་པོའི་གཞུང་གི་སྲིད་བློན་ཐེའིན་སེའིན་དངོས་སུ་མཇལ་འཕྲད་གནང་རྩིས་མེད་ལུགས་འགྲེལ་བརྗོད་བྱས་འདུག དེ་རྗེས་སྲིད་འཛིན་ཨོ་སྦ་མ་མཆོག་རྒྱ་ནག་ནང་གཞུང་འབྲེལ་གྱི་གཟིགས་སྐོར་ཐོག་མ་དེ་འདི་ཚེས་བཅུ་བདུན་ཉིན་སྲིད་འཛིན་ཧུ་ཅིན་ཐའོའི་མཇལ་འཕྲད་ཀྱིས་བྱང་ཀོ་རི་ཡ་དང་ཨི་རན་གྱི་རྡུལ་ཕྲན་གྱི་དཀའ་རྙོག་དང་ཨཕ་གྷ་ནི་སྟན་གྱི་དམག་འཐབ་དེ་བཞིན་འདི་ལོ་ཕྱི་ཟླ་བཅུ་གཉིས་པའི་ནང་ཀོ་པེན་ཧ་གེན་ནང་འཚོགས་རན་པའི་འཛམ་གླིང་གནམ་གཤིས་ཀྱི་ཚོགས་ཆེན་ཐོག་ཡུལ་གཉིས་ཀས་ཆིངས་དོན་གསར་པ་འདོན་རྒྱུར་ནུས་པ་སྤེལ་ཕྱོགས་སོགས་ཀྱི་སྐོར་གྲོས་བསྡུར་གནང་རྒྱུ་ཡིན་པ་རེད། སྲིད་འཛིན་ཨོ་སྦ་མ་མཆོག་རྒྱ་ནག་ལ་མ་ཕེབས་གོང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་མི་གནང་རྒྱུའི་ཐག་གཅོད་གནང་བའི་རྒྱུ་མཚན་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་འགྲོ་བ་མིའི་ཐོབ་ཐང་སྐོར་དགོངས་བཞེས་གནང་དགོས་པའི་གནོན་ཤུགས་ཀྱང་ཡོད་པ་རེད། གཟིགས་སྐོར་མཐའ་དེ་འདི་ཚེས་བཅོ་བརྒྱད་ཉིན་ལྷོ་ཀོ་རི་ཡར་གནང་རྒྱུ་ཡིན་པ་དང་ཡུལ་དེའི་སྲིད་འདིན་ལི་མིཡུང་བཀ་དང་མཇལ་འཕྲད་ཀྱིས་བྱང་ཀོ་རི་ཡ་ གནམ་གཤིས་དང་ཚོང་དོན་བཅས་ཀྱི་སྐོར་བཀའ་བསྡུར་གནང་རྒྱུ་ཡིན་འདུག།