རྒྱ་ནག་གི་ཀོང་ཏོང་ཞིང་ཆེན་ནང་ཆར་ཞོད་ཀྱི་རྐྱེན་ངན་བྱུང་བ།
2008.06.17
༄༅༎རྒྱ་ནག་གི་ལྷོ་ཕྱོགས་ཀོང་ཏོང་ཞིང་ཆེན་ནང་བར་ལམ་ཆར་ཞོད་ཀྱི་རྐྱེན་པས་ཆུ་ལོག་གི་གནོད་འཚེའི་འོག་འདས་པའི་ཟླ་བ་དེའི་ནང་ཉུང་མཐར་མི་གྲངས་༦༣ རྐྱེན་ལམ་དུ་ཕྱིན་པ་དང་ད་དུང་འབྲེལ་ཡོད་རྒྱ་ནག་གཞུང་གི་དཔོན་རིགས་ནས་འདི་ལོའི་རྒྱ་ནག་ནང་ཆུ་ལོག་གི་གནོད་འཚེའི་འོག་ཁྱོན་ཡོངས་ནས་རྐྱེན་འདས་སུ་ཕྱིན་པ་མི་གྲངས་༡༧༡ བྱུང་ཡོད་པའི་སྐོར་བསྡོམས་རྩིས་བཏོན་ཡོད་པ་རེད།
ད་དུང་རྒྱ་ནག་གི་ལྷོ་ཕྱོགས་ས་ཁུལ་དེ་ནང་ཆར་ཞོད་ཆེན་པོ་མུ་མཐུད་འབབ་རྒྱུའི་གནམ་གཤིས་སྔོན་བརྡ་གཏོང་བཞིན་ཡོད་པ་མ་ཟད། ཆར་ཞོད་དེའི་ཐོག་ནས་རྒྱ་ནག་ནང་གི་གཙང་པོ་ཆེ་ཤོས་ཨང་གཉིས་པ་དེ་ཆུ་ལོག་གི་ཉེན་ཁ་ཡོད་པ་དང་ལྷག་པར་དུ་ལྷོ་ཕྱོགས་ཁུལ་གྱི་ཞིང་པའི་ས་ཞིང་དང་སྨིན་མ་ཟིན་པའི་སྔོ་ཚལ་རྣམས་ལ་གནོད་འཚེ་བཟོ་རྒྱུ་ཡིན་པའི་ཉེན་བརྡ་གཏོང་གི་ཡོད་པ་རེད། རྒྱ་ནག་ནང་ཆར་ཞོད་ཆེ་བ་དང་ཆུ་ལོག་སོགས་རང་འབྱུང་གི་གནོད་འཚེའི་འོག་ཁ་སྔོན་ཕྱི་ཟླ་ལྔ་པའི་ནང་ཆར་ཞོད་ཆེན་པོ་འགོ་མ་ཚུགས་གོང་ནས་ཁྲོམས་རེའི་ཐོག་ཟ་བཅའ་དང་སྔོ་ཚལ་གྱི་རིན་གོང་འཕར་བའི་ཐོག་ལ་རང་འབྱུང་གི་གནོད་འཚེ་དེའི་ཐོག་ནས་མུ་མཐུད་ཟ་བཅའི་རིན་གོང་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པར་བརྟེན་རྒྱ་ནག་གཞུང་ཕྱོགས་ནས་མི་དམངས་ཀྱི་འཚོ་བའི་རྟེན་གཞིར་འགྱུར་ལྡོག་འགྲོ་བ་དེ་ཡིས་རིམ་པས་ཆབ་སྲིད་ཀྱི་ངོ་བོར་འགྱུར་ཏེ་སྤྱི་ཚོགས་བརྟན་ལྷིང་མེད་པར་འགྱུར་རྒྱུའི་བློ་འཚབ་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གཞུང་གི་བརྙན་འཕྲིན་སི་སི་ཀྲི་ལྦི་ཞེས་པའི་ཐོག་ལ་ཀོང་ཏོང་གི་ནུབ་ཕྱོགས་ནང་ཡོད་པའི་ཤི་ཅཱང་གཙང་ཆུའི་ཐོག་གནས་པའི་ཀྲའི་ཆིང་གྲོང་ཁྱེར་ནས་མི་དམངས་ཁྲི་གསུམ་ཙམ་ལ་ས་གནས་གཞན་ལ་ཉེན་ཡོལ་ཆེད་གནས་སྤོ་བྱས་པའི་སྐོར་རྒྱང་བསྲིང་བྱས་ཡོད་པ་རེད།