རྒྱ་ནག་ལྷོ་ཕྱོགས་སུ་དྲག་ཆར་གྱི་གནོད་འཚེ་ཕོག་པ།
2010.05.09
༄༅༎གཟའ་འཁོར་འདིའི་ནང་དུ་རྒྱ་ནག་གི་ལྷོ་ཕྱོགས་ཞིང་ཆེན་ཁག་ཅིག་ནང་དྲག་ཆར་ཤུགས་ཆེ་བབས་ཏེ། དེ་རིང་རེས་གཟའ་ཉི་མ་བར་དུ་ཁྱོན་མི་གྲངས་༧༠རྐྱེན་ལམ་དུ་ཕྱིན་པ་དང༌། མི་དམངས་ས་ཡ་མང་པོའི་ས་ཞིང་དང་སྡོད་ཁྱིམ་སོགས་ལ་གནོད་འཚེ་བྱུང་ཡོད་པའི་སྐོར་དེ་རིང་ཤིང་ཧྰ་གསར་ཤོག་ཐོག་གནས་ཚུལ་སྤེལ་བཞག
དྲག་ཆར་གི་གནོད་འཚེ་བྱུང་ཡུལ་གྱི་རྒྱ་ནག་ལྷོ་ཕྱོགས་ཟི་ཁྲོན་དང་ཁྲོང་ཆིང་ ཀུ་ཀྲུའུ་ ཅང་ཤི་ ཀོང་ཏུང་ ཧུན་ནན་ སོགས་ཡིན་ཞིང༌། ད་དུང་གནམ་གཤིས་ལས་ཁང་གིས་དྲག་ཆར་མུ་མཐུད་རྒྱབ་རྒྱུའི་ཉེན་བརྡ་གཏོང་གི་ཡོད་དང༌། དེ་རིང་རྒྱ་ནག་གཞུང་གི་ཟ་བཅའ་དང་ཐན་པའི་དཀའ་ངལ་རོགས་སྐྱོར་ལས་ཁང་གི་དྲ་རྒྱའི་ཐོག་ལ་ རེས་གཟའ་པ་སངས་བར་ཏུ་དྲག་ཆར་དེ་ཡིས་རྐྱེན་པས་མི་དམངས་ས་ཡ་གཉིས་ལྷག་ལ་གནོད་འཚེའི་ཤུགས་རྐྱེན་ཐེབས་ཡོད་པ་མ་ཟད། ལོ་ཏོག་འདེབས་རུང་བའི་ས་ཞིང་ཧེཀ་ཊར་འབུམ་གཅིག་ལྷག་འཕྲོག་ལྷག་ཕྱིན་པ་དང༌། སྡོད་ཁྱིམ་ཁྲི་གཅིག་ཙམ་གཏོར་བཤིག་ཏུ་ཕྱིན་ཡོད་པའི་གནས་ཚུལ་བཀོད་ཡོིད་པ་རེད།
དྲག་ཆར་གྱི་རང་འབྱུང་གནོད་འཚེ་དེ་ཡིས། ཆུ་ལོག་དང༌། ས་རུལ། གཙང་པོའི་ཆུ་ཁ་མཐོ་རུ་འགྲོ་བ། ཆུ་རག་དང་ཆུ་ཡུར་གས་རྡོལ་ཡོང་བའི་ཉེན་ཁའི་རང་བཞིན་དེ་ཡིས། ཆུ་མཛོད་གས་པའི་ཉེན་ཁ་དང༌། མོ་ཊའི་རྒྱ་ལམ་དང་ཟམ་ཆེན་གནོད་སྐྱོན་བཟོ་བ། གློག་ཤུགས་དང༌ཁ་པར་སོགས་འབྲེལ་མཐུད་མེད་པ་ཆགས་རྒྱུའི་ཉེན་ཁར་དོགས་གཟོན་བྱེད་དགོས་ཀྱི་ཡོད་པར་བརྟེན་ནས། རྒྱ་ནག་དབུས་གཞུང་གིས་ས་གནས་སོ་སོའི་དཔོན་རིགས་ལ་དྲག་ཆར་ཤུགས་ཆེ་ཆུང་འབབ་པའི་གནས་སྟངས་ལ་དོ་སྣང་བྱེད་དགོས་པ་དང༌། ཆུ་ལོག་དང་ས་རུལ་གྱི་གནོད་འཚེ་སྔོན་འགོག་གི་ལས་དོན་གྲ་སྒྲིག་བྱས་ཏེ། སྔོན་ནས་ཉེན་བརྡ་གཏོང་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་རེད། ས་གནས་དཔོན་རིགས་ཚོས་མི་དམངས་རྣམས་ཉེན་གཡོལ་དུ་གནས་སྤོ་བྱེད་པ་དང་གནོིད་འཚེ་སྔོན་འགོག་གི་ལས་དོན་སྤེལ་བཞིན་ཡོད་ནའང་དྲག་ཆར་དེ་ཡིས་རྒྱ་ནག་གི་ལྷོ་ཕྱོགས་ཧུན་ནན་ཞིང་ཆེན་ནང་དུ་ཆུ་མཛོད་ལྔ་སྟོང་ཙམ་ཡོད་པ་དེ་དག་གི་ཆུ་ཁ་མཐོ་རུ་ཕྱིན་ཏེ་ཉེན་ཁ་བཟོ་བཞིན་ཡོད་པ་དང༌། དེ་ནས་ལྷོ་ཕྱོགས་ཅང་ཤི་ཞིང་ཆེན་ནང་དུ་མི་དམངས་འབུམ་གསུམ་ཙམ་ལ་གནོད་འཚེ་ཕོག་པ་དང༌། སྡོད་ཁྱིམ་དྲུག་སྟོང་ཙམ་གཏོར་བཤིག་ཕྱིན་པ་སོགས་ཀྱིས་ཁྱོན་དཔལ་འབྱོར་རྒྱ་མིའི་སྒོ་མོ་ས་ཡ་༥༢༦ལྷག་གྱོང་གུན་བྱུང་ཡོད་པ་རེད།