ཨོ་སོ་ཀྲོ་ལི་ཡའི་གྲོས་ཚོགས་སྐུ་ཚབ་རྣམ་པས་རྒྱ་གཞུང་ལ་ལན།
2009.07.04
༄༅༎ཨོ་སོ་ཀྲོ་ལི་ཡའི་གྲོས་ཚོགས་ཀྱི་འཐུས་མི་དྲུག་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་དེང་སྐབས་བཞུགས་སྒར་རྡ་རམ་ས་ལར་འཚམས་གཟིགས་གནང་བཞིན་པ་དེར་རྒྱ་ནག་གཞུང་གིས་དེ་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པ་ཞིག་ཡིན་ལུགས་སྐྱོན་བརྗོད་བྱས་ཡོད་ཀྱང་གྲོས་ཚོགས་ཀྱི་སྐུ་ཚབ་རྣམ་པས་སྐྱོན་བརྗོད་དེ་ནི་གཞི་རྩ་མེད་པ་ཞིག་ཡིན་པ་ལན་འདེབས་གནང་འདུག
ཨོ་སོ་ཀྲོ་ལི་ཡའི་གྲོས་ཚོགས་ཀྱི་སྐུ་ཚབ་རྣམ་པ་གཟའ་ལྷག་པའི་ཉིན་བཞུགས་སྒར་རྡ་རམ་ས་ལར་ཕེབས་འབྱོར་བྱུང་ཞིང་གཟའ་ཕུར་བུའི་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟུར་མཇལ་དང་དེ་རྗེས་བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམས་དང་ཡང་མཇལ་མོལ་གནང་འདུག
གྲོས་ཚོགས་ཀྱི་སྐུ་ཚབ་རྣམ་པས་གཟའ་པ་སངས་ཉིན་བཞུགས་སྒར་རྡ་རམ་ས་ལར་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སྟེ་སྐབས་དེར་སྐུ་ཚབ་ཚོགས་པའི་ཁོངས་ཀྱི་ཨོ་སོ་ཀྲོ་ལི་ཡའི་སྔོ་ལྗང་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་སི་ཀོཏ་ལ་ཌི་ལཱམ་མཆོག་གིས་ཨོ་སོ་ཀྲོ་ལི་ཡའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ང་ཚོར་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་སྤེལ་བ་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན།བོད་ཀྱི་དཀའ་རྙོག་སེལ་བའི་གནད་དོན་འདི་རྒྱ་ནག་གཞུང་གི་བྱ་སྤྱོད་ཀྱི་རྐྱེན་པས་འཛམ་གླིང་ཁྱོན་ཡོངས་ནས་སེམས་འཁུར་བྱེད་དགོས་པ་ཆགས་ཡོད་པ་རེད་ལ་གཞི་ནས་བོད་ཀྱི་གནད་དོན་འདི་རྒྱ་ནག་ནང་སྲིད་ཀྱི་གནད་དོན་ཞིག་མིན་ལ་དུས་ནམ་ཡང་རྒྱ་ནག་ནང་སྲིད་ཀྱི་གནད་དོན་ཞིག་ཆགས་མེད་པ་རེད་ཅེས་གསུངས་འདུག
ཡང་དེ་བཞིན་སྐུ་ཚབ་ཚོགས་ཆུང་དེའི་ཁོངས་ཀྱི་དགུང་ལོ་ཆུང་ཤོས་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སེ་རའ་ཧེན་སེན་ཡཱང་མཆོག་གིས་རྒྱ་ནག་གཞུང་ཕྱོགས་ནས་བོད་ནང་གི་ཛ་དྲག་གི་གནས་བབས་དེ་ཞི་ཐབས་སླད་ངེས་པར་བྱེད་ཐུབ་པ་ནི་དོན་དངོས་བོད་ཀྱི་ས་མཚམས་ཀྱི་སྒོ་མོ་ཕྱེ་སྟེ་རང་དབང་ཅན་གྱི་གསར་འགོད་པ་འགྲོ་འོང་ཆོག་པ་བཟོ་རྒྱུ་དང་བོད་མི་ཚོར་འགྲོ་སྡོད་དང་སྨྲ་བརྗོད་ཀྱི་རང་དབང་སྤྲོད་རྒྱུ་དེ་དག་ཡིན་ཞིང་དེ་ནི་རྒྱལ་སྤྱིའི་ནང་རྒྱ་ནག་རང་ཉིད་ཀྱི་ཆེས་མཐོང་གོང་འཕེལ་དུ་འགྲོ་རྒྱུར་ཡང་ཧ་ཅང་ཕན་ཐོགས་ཆེན་པོ་འབྱུང་རྒྱུ་ཡིན་པ་རེད་ཅེས་གསུངས་འདུག
ཡང་ཨོ་སོ་ཀྲོ་ལི་ཡའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་དེའི་དབུ་འཁྲིད་སྐུ་ཞབས་མའེ་ཁེལ་ཌེན་སྦི་མཆོག་གིས་ང་ཚོ་རྡ་རམ་ས་ལར་ཨོ་སོ་ཀྲོ་ལི་ཡའི་གཞུང་ངམ་གྲོས་ཚོགས་ཀྱི་གཞུང་འབྲེལ་གྱི་སྐུ་ཚབ་ངོ་བོའི་ཐོག་ནས་བཅར་བ་ཞིག་མིན་ཡང་འདིས་ཨོ་སོ་ཀྲོ་ལི་ཡའི་གྲོས་ཚོགས་དང་མི་དམངས་ཀྱི་རྒྱབ་སྐྱོར་ཆེན་པོ་ཡོད་པ་དེ་ངེས་པར་གསལ་སྟོན་ཐུབ་པ་ཞིག་རེད་ཅེས་གསུངས་འདུག
གྲོས་ཚོགས་ཀྱི་སྐུ་ཚབ་རྣམ་པའི་ངོས་ནས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དེའི་ནང་རྒྱ་ནག་གཞུང་གིས་བོད་པའི་སྐུ་ཚབ་རྣམས་ནས་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་འབྱུང་ཐབས་ཀྱི་བསམ་འཆར་ཞུ་ཡིག་ཕུལ་བ་དེར་མཐའ་གཅིག་ཏུ་འགག་བྱ་གནང་པ་དེར་བློ་འགྱོད་ཡོད་པ་དང་གྲོས་ཚོགས་ཀྱི་སྐུ་ཚབ་རྣམ་པའི་ངོས་ནས་ཡིག་ཆ་དེ་ནི་རྒྱ་ནག་གཞུང་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དབར་བོད་ཀྱི་མ་འོངས་པའི་མདུན་ལམ་ཐད་དོན་ཕན་སོན་པའི་གྲོས་མོལ་ཞུ་རྒྱུའི་རྨང་གཞི་ཡིན་དགོས་རྒྱུར་ང་ཚོས་རྒྱབ་སྐྱོར་ཞུ་གི་ཡོད་ཅེས་གསུངས་འདུག།