ཨོ་སོ་ཀྲོ་ལི་ཡའི་སྲིད་བློན་པེ་ཅིང་ཨོ་ལིམ་པིག་ལ་ཕེབས་འཆར།
2008.06.19
༄༅༎འདས་པའི་ཟླ་བ་འགའ་ཤས་ནས་བཟུང་རྒྱ་ནག་སྤྱི་དང་ལྷག་པར་དུ་བོད་ནང་དོན་རྐྱེན་བྱུང་བ་བཅས་ལ་བརྟེན་འཛམ་གླིང་གི་དབུ་འཁྲིད་ཁག་ཅིག་ནས་རིང་མིན་རྒྱ་ནག་ནང་ཨོ་ལིམ་པིག་རྩེད་འགྲན་ཚོགས་པའི་སྐབས་ཡང་ན་མཛད་སྒོའི་སྐབས་མཉམ་ཞུགས་བྱེད་རྒྱུ་མིན་ལུགས་དང་། ཡང་ན་མཇུག་བསྒྲིལ་བའི་མཛད་སྒོའི་ཐོག་བཅར་རྒྱུ་མིན་ལུགས་སོགས་ཀྱི་དགོངས་ཚུལ་གསུངས་ནས་གླེང་སློང་མང་པོ་ཞིག་བྱུང་ཡོད་པ་རེད། ཨོ་སོ་ཀྲོ་ལི་ཡའི་སྲིད་བློན་མཆོག་ནས་ཀྱང་ད་བར་འདི་བྱས་ཐག་ཆོད་པ་ཞིག་གསུངས་མེད་ཀྱང་ད་ཆ་ཁོང་རྩེད་འགྲན་སྐབས་ཕེབས་རྒྱུ་ཡིན་ལུགས་གསལ་བསྒྲགས་གནང་ཡོད་པ་རེད། དེ་ཡང་ཁོང་གིས། རྒྱ་ནག་གཞུང་ནས་མགྲོན་ཤོག་གནང་བྱུང་ལ་ཨོ་སོ་ཀྲོ་ལི་ཡའི་མི་མང་ཚོ་རྩེད་མོར་དགའ་མོས་ཆེན་པོ་ཡོད་མཁན་ཞིག་ཀྱང་རེད། ལྷག་པར་དུ་རྒྱལ་ཁབ་ཀྱི་སྐུ་ཚབ་ཏུ་འགྲན་བསྡུར་ནང་བཞུགས་མཁན་རྩེད་འགྲན་པ་ཚོར་སེམས་ཤུགས་སྤར་རྒྱུའི་ཆ་རྐྱེན་སོགས་གང་ས་ཅིའི་ཐད་ནས་སྐབས་དེར་ཕེབས་རྒྱུའི་ཐག་ཆོད་བྱས་པ་ཡིན་ལ་དེར་ཨོ་སོ་ཀྲོ་ལི་ཡའི་རྩེད་འགྲན་ཚོགས་ཆུང་ནས་ཀྱང་རྒྱབ་སྐྱོར་གནང་བྱུང་ཞེས་གང་ལྟར་ཕེབས་རྒྱུའི་ཐག་ཆོད་གནང་ཡོད་འདུག། འོན་ཀྱང་ཨོ་སོ་ཀྲོ་ལི་ཡའི་ལྗང་ཁུ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སྦོབ་སྦ་ར་ལྦུན་མཆོག་ནས། སྲིད་བློན་མཆོག་གི་ཐག་ཆོད་འདི་ནི་བོད་མི་ཚོར་རྒྱབ་གཏོད་གནང་བ་ཞིག་རེད་ལ་མ་འོས་པའི་ཐག་ཆོད་ཅིག་ཀྱང་རེད་ཅེས་སྐྱོན་བརྗོད་གནང་འདུག།
སྲིད་བློན་ཀེ་ལྦིན་རུདྲ་མཆོག་དེ་སྔ་རྒྱ་ནག་ནང་གཞུང་ཚབ་པའི་ཕྱག་ལས་གནང་མྱོང་མཁན་དང་། རྒྱ་མིའི་སྐད་ཡིག་ཧ་ཅང་ཡག་པོ་མཁྱེན་མཁན་དང་། རྒྱ་ནག་གཞུང་ནས་བརྩི་ཐོངས་ཆེན་པོ་བྱེད་ཡུལ་ཞིག་ཡིན་པ་རེད།