རྒྱལ་ཁབ་བཞིའི་ལྷན་ཚོགས་སྐོར།
2009.06.12
༄༅༎འཛམ་གླིང་དཔལ་འབྱོར་ཡར་རྒྱས་འབུར་དུ་ཐོན་བཞིན་པའི་རྒྱལ་ཁབ་ར་ཤི་ཡ་དང་རྒྱ་གར་རྒྱ་ནག་དང་སྦེ་རེ་ཛིལ་ཀྱི་དབུ་ཁྲིད་ལྷན་ཚོགས་ཐེངས་དང་པོ་དངོས་སུ་གཟའ་འཁོར་རྗེས་མའི་ནང་ར་ཤི་ཡ་དུ་ཚོགས་པའི་སྐབས་འཛམ་གླིང་གི་དཔལ་འབྱོར་དཀའ་ཚེགས་དེའི་ཐོག་བཀའ་བསྡུར་གནང་གི་ཡོད་པ་རེད།
འདས་པའི་མི་ལོ་བཅུ་གྲངས་མང་པོའི་ནང་བྱུང་མྱོང་མེད་པའི་འཛམ་གླིང་གི་དཔལ་འབྱོར་གནས་སྟངས་དཀའ་ཚེགས་ཅན་ཏུ་གྱུར་བའི་སྐབས་དེར་རྒྱལ་ཁབ་བཞིའི་དབུ་ཁྲིད་ལྷན་འཛོམས་ཀྱིས་རྒྱལ་སྤྱིའི་དཔལ་འབྱོར་གྱི་ལམ་ལུགས་ལག་ལེན་བསྟར་ཕྱོགས་སྐོར་བཀའ་བསྡུར་གནང་རྒྱུ་མ་ཟད་ཨ་མི་རི་ཀའི་མ་དངུལ་འཛའ་ཐང་དང་དེ་བཞིན་མ་དངུལ་ཀར་འཇུག་གི་གནད་དོན།བཟོ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཉི་ཤུའི་སྲིད་ཇུས།རྒྱལ་སྤྱིའི་དཔལ་འབྱོར་སྲིད་ཇུས་བཅོས་བསྒྱུར།ཟ་བཅའ་འགན་ལེན།འཛམ་གླིང་ནང་ཚ་དྲོད་འཕེལ་ཏེ་གནམ་གཤིས་འགྱུར་ལྡོག་སོགས་གནད་དོན་ཁག་དེ་དག་ཐོག་བཀའ་བསྡུར་གནང་རྒྱུ་ཡིན་པ་རེད། རེས་གཟའ་ལྷག་པའི་ཉིན་སྦེ་རེ་ཛིལ་ཡུལ་གྱི་སྲིད་འཛིན་མཆོག་གིས་རོའུ་ཀྲར་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་གནས་ཚུལ་ཡག་པོ་ཞིག་ལ་འབྱོར་ལྡན་གྱི་རྒྱལ་ཁབ་རྣམས་དཔལ་འབྱོར་གྱི་གནས་སྟངས་དཀའ་ཚེགས་ཅན་ཏུ་གྱུར་བའི་སྐབས་དེར་ང་ཚོས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ངོས་ནས་འཛམ་གླིང་གི་དཔལ་འབྱོར་ཉམས་ཆགས་ནས་སྐྱོབ་རྒྱུ་དང་དེ་ལ་བརྟེན་ནས་འབྱོར་ལྡན་རྒྱལ་ཁབ་རྣམས་སྐྱོབ་རྒྱུར་ཞབས་འདེབས་ཆེན་པོ་ཞུ་ཐབས་འབད་བརྩོན་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།