བོད་པའི་བེུད་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་རྩིམ་ཡིག་ཅིག་སྤེལ་བ།
2008.08.01
༄༅༎བོད་པའི་བེུད་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་རྒྱ་ཡིག་ཐོག་རྩོམ་ཡིག་ཅིག་སྤེལ་ཡོད་པའི་ནང༌། རྒྱ་ནག་གི་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་དེ་བཞིན་རྒྱ་ནག་གི་ས་ཁུལ་ག་པར་མཁྱེར་ཡང་མི་རྣམས་རང་དབང་ཐོག་ནས་ལྟད་མོ་ལྟ་བར་བསྐྱོད་ཆོག་གི་ཡོད་པ་དང་ ཡིན་ནའང་རྩེད་འགྲན་གྱི་དཔལ་འབར་དེ་བཞིན་བོད་ཀྱི་རྒྱལ་ས་ལྷ་སར་འཁྱེར་བའི་སྐབས་ས་གནས་བོད་མི་ཚོར་དམིགས་བསལ་གཞུང་གི་ཆོག་མཆན་ལག་འཁྱེར་མེད་ཚེ་རང་ཁྱིམ་ནས་ཕྱི་ལ་འདོན་མི་ཆོག་པའི་དམ་བསྒྲགས་བྱས་ཡོད་པའི་སྐོར་བཀོད་གནང་འདུག དེ་བཞིན་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་ཡོད་པའི་དགོན་སྡེ་ཁག་གི་དགེ་འདུན་པ་དང་བཙུན་མ་སྟོང་ཕྲག་དགོན་པའི་ནང་བཅུག་ནས་ཕྱི་ལ་བསྐྱོད་རྒྱུར་དམ་བསྒྲགས་བཀག་སྡོམ་བྱས་ཡོད་པ་དང༌། དགོན་པའི་དགེ་འདུན་པ་ངོ་ཤོེས་ཁག་ཅིག་གིས་གསུང་བར་ ཁོང་ཚོ་ཨོ་ལིམ་པིག་རྩེད་འགྲན་མཇུག་མ་སྒྲིལ་བར་གློད་བཀྲོལ་གཏོང་རྒྱུ་མིན་པ་འཁོད་བཞག ཡང་འོད་ཟེར་ལགས་ཀྱིས་སྤེལ་བའི་རྩོམ་ཡིག་དེའི་ནང་ རྒྱ་ནག་གཞུང་གིས་ཨོ་ལིམ་པིག་རྩེད་འགྲན་ལ་ངོ་རྒོལ་སྔོན་འགོག་ཆེད་ བོད་ནང་གི་ཡུལ་སྲོལ་གྱི་དུས་ཆེན་དང་རྟ་རྒྱུག་སོགས་ཀྱི་དུས་སྟོན་ཁག་སྤེལ་རྒྱུར་བཀག་སྡོམ་བྱས་ནས་དུས་སྟོན་ཚང་མ་མེད་པ་བཟོ་དགོས་བྱུང་ཡོད་པའི་ཁར། ཀན་སུའུ་དང་ཟི་ཁྲོན་ཞིང་ཆེན་ཁོངས་སུ་གཏོགས་པའི་བོད་ཀྱི་ས་ཁུལ་ཁག་ནང་དམག་མི་ཕོན་ཆེ་བཀྲམས་ནས་ས་གནས་དེ་ཚོའི་ནང་གནས་སྡོད་བྱེད་མཁན་གྱི་བོད་མི་ཚོའི་ཐོག་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡིན་པ་དང༌། པེ་ཅིང་གི་སློབ་གྲྭ་ཆེན་མོ་ཁག་ནང་ཡོད་པའི་བོད་པའི་སློབ་ཕྲུག་ཚོ་ཨོ་ལིམ་པིག་རྩེད་འགྲན་དུས་སྐབས་རིང་རང་ཡུལ་སོ་སོར་ཕྱིར་ལོག་དགོས་པ་བརྗོད་ཡོད་པ་དང༌། སློབ་གྲྭའི་ནང་ཡོད་པའི་སློབ་ཕྲུག་ཚོ་ཡང་གཞུང་ཕྱོགས་ཀྱི་ཆོག་མཆན་མེད་པར་འོག་ཕྱི་ལ་གང་བྱུང་བསྐྱོད་ཆོག་གི་མེད་པ་མ་ཟད། བོད་དོན་ཉམས་ཞིབ་ལས་ཁང་གི་ལས་བྱེད་ཚོར་ཡང་དུས་ཡུན་རིང་པོའི་གུང་སེང་དུས་ཚོད་སྤྲད་ཡོད་པ་དང༌། རྒྱ་ནག་གཞུང་གིས་ཡིད་ཆེས་མེད་པའི་ལས་བྱེད་པ་ཚོར་དམ་བསྒྲགས་བྱེད་ཀྱི་ཡོད་པ་སོགས་ཀྱིས་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་དེ་བཞིན་བོད་མི་ཚོར་དོན་སྙིང་གང་ཡང་མེད་པ་ཞིག་ཆགས་ཡོད་པ་འཁོད་འདུག