རྒྱ་ནག་པེ་ཅིང་དུ་འབགས་བཙོག་གི་རྐྱེན་པས་མཁའ་རླུང་ཡག་པོ་མེད་པའི་ཉེན་བརྡ་བཏང་འདུག
དེ་ཡང་འདི་ཚེས་༢༤་རེས་གཟའ་ཟླ་བ་ཉིན། རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་(International Olympic Committee)་གིས་སྤྱི་བསྒྲགས་སྤེལ་ནས། འཚོགས་ལ་ཉེ་བའི་པེ་ཅིང་གི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་ཐོག་ཞུགས་མཁན་རྩེད་འགྲན་པ་གཙོས་མི་སྣ་ཚོར་ཀོ་ཝིཌ༡༩་ཏོག་དབྱིབས་རིམས་ནད་(Covid-19)་སྔོན་འགོག་དང་འབྲེལ་(PCR)་ཞེས་པའི་བརྟག་དཔྱད་ཀྱི་ནད་རྟགས་ཚད་གཞི་དམའ་རུ་བཏང་བ་དང་། ཟུར་བཀག་གི་ཉིན་གྲངས་དེ་ཡང་ཉིན་གྲངས་༡༤་ནས་༧་བར་ཉུང་དུ་བཏང་ནས་དམ་དྲག་ལས་དོན་ཁག་ཅིག་ལྷོད་དུ་བཏང་བ་དང་། རྩེད་འགྲན་པ་ཚོར་རྒྱབ་སྐྱོར་ཆེད་སྟབས་བདེ་རུ་བཏང་བ་སོགས་བསྒྲགས་འདུག
ཡིན་ན་ཡང་རྒྱ་ནག་གི་ཁོར་ཡུག་ལྷན་ཁང་གིས། རྒྱལ་ས་པེ་ཅིང་གི་མཁའ་རླུང་གཙང་མ་གཉེར་རྒྱུ་དེ་དཀའ་ངལ་གྱི་རང་བཞིན་ཞིག་ཆགས་ཡོད་པ་དང་། རེས་གཟའ་ཟླ་བ་ཉིན་པེ་ཅིང་གི་མཁའ་རླུང་ནང་འབགས་བཙོག་(PM2.5)་ཞེས་པ་དེ་(cubic)་རྨིས་ཊར་རེར་(microgram ༢༠༥)་ཐོན་ཡོད་པས་འབགས་བཙོག་གི་རྐྱེན་པས་མཁའ་རླུང་ཡག་པོ་མེད་པའི་ཉེན་བརྡ་བཏང་འདུག
ད་རེས་པེ་ཅིང་གི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་དེར་ཏོག་དབྱིབས་རིམས་ནད་ཀྱི་དཀའ་ངལ་དང་མཁའ་རླུང་འབགས་བཙོག་གི་དཀའ་ངལ་ཙམ་མ་ཟད། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་ཨ་མི་རི་ཀ་གཙོས་རྒྱལ་ཁབ་ཁག་མང་པོས་ད་རེས་རྩེད་འགྲན་དེར་གཞུང་འབྲེལ་མི་སྣ་གཏོང་རྒྱུ་མིན་པའི་ཐག་གཅོད་གནང་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་དཀའ་ངལ་འཕྲད་བཞིན་ཡོད་པ་རེད།
པེ་ཅིང་གི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་གིས། འདི་ལོའི་ཕྱི་ཟླ་དང་པོའི་ཚེས་༤་ནས་ཚེས་༢༣་བར་པེ་ཅིང་དུ་རྒྱལ་སྤྱིའི་འགྲུལ་པ་མི་གྲངས་༣༡༡༥་འབྱོར་བའི་ཁོངས་ནས་མི་གྲངས་༡༧༧་ལ་ཏོག་དབྱིབས་རིམས་ནད་ཀྱི་ནད་རྟགས་ཐོན་ཡོད་པ་དང་། དེའི་ཁོངས་ནས་མི་གྲངས་༢༣་རྩེད་འགྲན་པ་དང་དེ་མིན་རྩེད་འགྲན་དང་འབྲེལ་བའི་མི་སྣ་ཡིན་པ་བསྡོམས་ཐོ་བཏོན་འདུག
གསར་འགོད་པ། ལྷུན་གྲུབ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།