ཨ་རིའི་ཇོར་ཇི་ཝ་ཤིན་ཀྲོན་གཙུག་ལག་སློབ་ཆེན་གྱི་འགན་འཛིན་གྱིས་སྨྲ་བརྗོད་རང་དབང་ལ་རྒྱབ་སྐྱོར་གནང་འདུག

2022.02.08
ཨ་རིའི་ཇོར་ཇི་ཝ་ཤིན་ཀྲོན་གཙུག་ལག་སློབ་ཆེན་གྱི་འགན་འཛིན་གྱིས་སྨྲ་བརྗོད་རང་དབང་ལ་རྒྱབ་སྐྱོར་གནང་འདུག ཨ་རིའི་རྒྱལ་སར་ཡོད་པའི་ཇོར་ཇི་ཝ་ཤིན་ཀྲོན་གཙུག་ལག་སློབ་ཆེན་དུ་པེ་ཅིང་ཨོ་ལིམ་པིཀསི་རྩེད་འགྲན་ལ་ཟུར་ཟའི་རི་མོ་འགྲེམས་སྦྱར་བྱས་ཡོད་པ། ༠༢།༢༠༢༢
སྒྲིག་བཟོ།/RFA

ཉེ་ཆར་ཨ་རིའི་རྒྱལ་སར་ཡོད་པའི་ཇོར་ཇི་ཝ་ཤིན་ཀྲོན་གཙུག་ལག་སློབ་ཆེན་དུ། པེ་ཅིང་ཨོ་ལིམ་པིཀསི་རྩེད་འགྲན་ལ་ཟུར་ཟའི་རི་མོ་བྲིས་བ་ཁག་ཅིག་འགྲེམས་སྦྱར་བྱས་ཡོད་པའི་ཐད། སློབ་གྲྭ་དེར་སློབ་གཉེར་བྱེད་བཞིན་པའི་རྒྱ་ནག་གི་སློབ་ཕྲུག་ཚོགས་པ་ནས་སློབ་གྲྭ་དེར་ངོ་རྒོལ་ཞུ་གཏུག་བྱས་ནས། སློབ་གྲྭ་དེའི་ར་སྐོར་ནང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་སྐྱོན་བརྗོད་སྐོར་གྱི་རི་མོ་སྦྱར་ཡིག་ཐོན་པ་དེ་ནི་ཨེ་ཤེ་ཡའི་མི་རིགས་ལ་མཐོང་ཆུང་བྱས་བ་ཡིན་ཚུལ་བརྗོད་ཡོད་པ་རེད། དང་ཐོག་ཞུ་གཏུག་དེའི་ཐད་གོང་ཞུས་སློབ་གྲྭའི་འགོ་ཁྲིད་ནས་གནད་དོན་དེར་རྩད་ཞིབ་བྱེད་རྒྱུ་ཡིན་ཚུལ་བརྗོད་ཡོད་ནའང་། རྗེས་སུ་ཚོགས་པ་གཞན་ནས་གནད་དོན་དེའི་རྒྱབ་ལྗོངས་སུ་རྒྱ་ནག་གཞུང་ཡོད་པ་སོགས་ཁུངས་སྐྱེལ་གནས་ཚུལ་དང་། རིམ་པས་སློབ་གྲྭའི་ནང་ཁུལ་དང་སྤྱི་ཚོགས་ཐོག་སྐྱོན་བརྗོད་ཤུགས་ཆེ་དང་དོ་སྣང་བྱེད་སར་གྱུར་རྗེས། སློབ་གྲྭའི་འགོ་ཁྲིད་ནས་ཐོག་མའི་ལྟ་ཚུལ་ལ་འགྱུར་བ་བཏང་སྟེ། དགོངས་དག་ཞུས་བ་མ་ཟད། ཁོང་གིས་སྨྲ་བརྗོད་རང་དབང་ལ་བརྩི་བཀུར་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་བརྗོད་དེ། སྒྱུ་རྩལ་བརྩམས་ཆོས་ནང་ལན་རེར་མི་ལ་ཕོག་ཐུག་གཏོང་བ་ཡོད་སྲིད་ཀྱང་དེ་ནི་སྤྱི་ཚོགས་ཀྱི་གནད་དོན་ཕན་ཚུན་བར་བསམ་ཚུལ་བརྗེ་རེས་ཀྱི་རིན་ཐང་ལྡན་པའི་རྣམ་པ་ཞིག་ཡིན་ཚུལ་བརྗོད་འདུག
དེ་བཞིན་སློབ་གྲྭ་དེའི་སློབ་མ་མོ་རཱ་(Juan Carlos Mora)་ནི་ཡུ་གུར་བའི་ཐོབ་ཐང་ཐད་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པས། ཁོང་ནས་དེ་ནི་རྒྱ་རིགས་སློབ་ཕྲུག་གི་རིགས་རྒྱུད་རིང་ལུགས་ལ་དམིགས་པ་མིན་པར། རྒྱ་ནག་གཞུང་དང་ལྟ་བ་མི་མཐུན་པའི་རྒྱ་རིགས་སློབ་ཕྲུག་དང་ཀོང་ཧོང་བ། བོད་དང་ཡུ་གུར་བའི་སློབ་གྲོགས་ཚོར་དམིགས་པ་ཞིག་ཡིན་པས། ཁོང་གིས་སྣེ་ཁྲིད་དེ་སློབ་གྲྭར་འབོད་སྐུལ་ཞུ་ཡིག་ཅིག་ཕུལ་ནས་སློབ་གྲྭའི་མ་དངུལ་ཡོངས་ཁུངས་གསལ་པོ་བཟོ་དགོས་བ་དང་། ཡུ་གུར་བར་བཙན་ཤེད་ཀྱིས་ངལ་རྩོལ་སྐུལ་ནས་ཐོན་སྐྱེད་བྱས་པའི་ཚོང་གཉེར་ཁང་གིས་སྤྲད་པའི་མ་དངུལ་མི་ལེན་རྒྱུ་ཁས་ལེན་བྱེད་དགོས་པ་སོགས་ཀྱི་འབོད་སྐུལ་བྱེད་བཞིན་ཡོད་འདུག
དེའི་ཐད་ཨ་རིའི་ནང་གནས་བཞུགས་བོད་དང་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲིས་ལགས་སུ་བཅར་འདྲི་བྱས་སྐབས། ཁོང་གིས། སྤྱིར་བཏང་རྒྱ་ནག་ཕྱི་ཕྱོགས་སུ་རྒྱ་ནག་གི་སློབ་ཕྲུག་དང་མཁས་པའི་མཐུན་ཚོགས་ཟེར་བ་ཞིག་ཡོད། དོན་དངོས་ཐོག་ཚོགས་པ་དེའི་རྒྱབ་ཏུ་རྒྱ་ནག་གཞུང་གི་བཀོད་བྱུས་ཡོད་པ་མ་ཟད། ཚོགས་པའི་འགྲོ་གྲོན་ཡང་སློབ་གྲྭ་གནས་ཡུལ་གྱི་ཁྱབ་ཁོངས་ཀྱི་རྒྱ་ནག་གཞུང་ཚབ་ཁང་གིས་གཏོང་གི་ཡོད། དེ་སྔོན་ཁོང་གིས་སྐུ་ཚབ་དོན་གཅོད་ལས་ཁང་དུ་རྒྱ་རིགས་འབྲེལ་འཐུད་ཀྱི་ཕྱག་ལས་གནང་བའི་སྐབས། ཚོགས་པ་དེའི་ངོས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནང་ཆིབས་བསྒྱུར་བསྐྱངས་པའི་སྐབས་སློབ་ཕྲུག་ཚོགས་པ་དེས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་གསུངས་བྱུང་།
གཞན་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཡོད་པའི་སྤྱི་འབངས་ཀྱི་སྟོབས་ཤུགས་ཞེས་པའི་ཚོགས་པའི་ཚོགས་གཙོ་ཡང་ཅེ་ལིས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱ་ནག་གི་སློབ་ཕྲུག་དང་མཁས་པའི་མཐུན་ཚོགས་ཟེར་བ་དེ་ནི་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་སློབ་གྲྭ་ཁག་ནང་སློབ་ཕྲུག་བཏང་བ་ནས་བཟུང་སྔ་ས་ནས་མཐུན་ཚོགས་དེ་ཡོད་ན་ཡང་། ཕྱི་ལོ་༡༩༨༩་ལོའི་སྐབས་ནས་བར་སྐབས་ཤིག་རིང་མཐུན་ཚོགས་དེ་མེད་པར་གྱུར་ཡོད། ཉེ་བའི་ལོ་ངོ་བཅུ་ཉི་ཤུ་ཙམ་རིང་ཨ་རིའི་སློབ་གྲྭ་ཆེ་ཁག་ནང་རྒྱ་ནག་གི་སློབ་ཕྲུག་དང་མཁས་པའི་མཐུན་ཚོགས་ཟེར་བ་དེ་སླར་གསོ་བྱུང་བ་མ་ཟད། གནས་ཚུལ་མང་པོ་ཞིག་གི་ཐོག་ནས་མཐུན་ཚོགས་དེར་རྒྱ་ནག་གཞུང་གིས་ཐད་ཀར་སྟངས་འཛིན་དང་དཔལ་འབྱོར་གྱི་རོགས་རམ་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད་ལ། དེ་སྔོན་༧གོང་ས་ཏཱ་ལའི་བླ་མ་མཆོག་ཨ་རིའི་ཁེ་ལེ་ཧྥོར་ནི་ཡ་ཁུལ་གྱི་སློབ་གྲྭའི་ནང་ཆིབས་བསྒྱུར་སྐབས་ངོ་རྒོལ་བྱེད་མཁན་སློབ་ཕྲུག་གི་མཐུན་ཚོགས་དེ་ཡིན་པ་གསུངས་བྱུང་།
གནད་དོན་དེའི་ཐད་སློབ་གྲྭ་དེའི་རྒྱ་རིགས་སློབ་ཕྲུག་ཚོགས་པ་དང་རྒྱ་ནག་གི་རིག་གཞུང་ཚོགས་པ་གཉིས་ལ་འབྲེལ་བ་བྱས་ཀྱང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲི་བར་ལན་འདེབས་བྱས་མེད་པ་རེད།
ཨ་རིའི་གྲོས་ཚོགས་འཐུས་མི་(Marco Rubio)་ལགས་ནས་སྒེར་གྱི་ཌི་ཝེ་ཌིར་ཐོག་སློབ་གྲྭ་མིང་འདོན་མ་གནང་པར་ཨ་རིའི་སློབ་ཆེན་ཁག་གིས་རྒྱ་ནག་གཞུང་ལ་རོགས་བྱས་ཏེ་ཨ་རི་ནས་ཞིབ་བཤེར་གྱི་ལས་ཚབ་བྱེད་བཞིན་པར་སྐྱོན་བརྗོད་གནང་འདུག
སྦྱར་ཡིག་ཟུར་ཟའི་རི་མོ་དེ་དག་ནི། ཨོསི་ཊརེ་ལི་ཡའི་(Australia)་རྒྱ་རྒྱུད་མི་སེར་ཟུར་ཟའི་རི་མོ་བ་པཱ་ཡེ་ཚོ་ཡིས་བྲིས་ཤིང་། གངས་ཤུད་རྒྱུག་མཁན་རྩེད་འགྲན་པའི་མགོར་སོ་ལྟའི་བརྙན་མིག་བཏགས་པ། འཁྱགས་དེམ་རྩེད་འགྲན་པས་ཏོག་དབྱིབས་ནད་དུག་དང་མཉམ་དུ་རྩེད་པ། འཁྱགས་ཤུད་རྩེད་འགྲན་པས་ཀོང་ཧོང་གི་དར་ཆ་ཐོག་འཁྱགས་ཤུད་བྱེད་པ། འཁྱགས་གྲུག་རྩེད་འགྲན་པས་བོད་ཀྱི་དགེ་འདུན་པར་འཐབ་པ། རྩེད་འགྲན་པ་ཡོངས་ནས་རྒྱ་ནག་གི་སྐར་ལྔའི་དར་དམར་གྱི་གྱོན་ཆས་གྱོན་པ་སོགས་བྲིས་ཏེ། རི་མོ་བ་འདིས་མི་རྣམས་ལ་རྒྱ་ནག་གཞུང་གི་གསང་བའི་སོ་ལྟ་དེ་ག་ས་གང་ན་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་མཚམས་ཆད་མེད་པར་དྲག་གནོན་བྱེད་བཞིན་པ་མཚོན་ཐབས་བྱས་ཡོད་པ་རེད།
སྤྱིར་བཏང་རྒྱ་ནག་གི་སྐད་འཕྲིན་དང་དྲ་བའི་ནང་གོང་བརྗོད་བརྩམས་ཆོས་དེ་དག་མཐོང་མི་ཐུབ་ནའང་ཉེ་ཆར་ཇོར་ཇི་ཝ་ཤིན་ཀྲོན་སློབ་ཆེན་གྱི་རྒྱ་ནག་གི་སློབ་ཕྲུག་ཚོགས་པ་དང་། རྒྱ་ནག་རིག་གཞུང་ཚོགས་པ་ཟེར་བའི་སྐད་འཕྲིན་ཚོགས་པའི་ནང་རི་མོ་དེ་དག་ཕན་ཚུན་བསྐུར་རེས་བྱས་རྗེས་རྒྱ་རིགས་ཁྲོད་དོ་སྣང་བྱུང་བ་ཡིན་འདུག

གསར་འགོད་པ། འཆི་མེད། ལྕགས་མོ་འཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎