རྒྱ་ནག་གི་རྒྱལ་སྟོན་ཆེད་དམ་བསྒྲགས་ནན་པོ།
2009.09.30
༄༅༎ཕྱི་ཟླ་བཅུ་པའི་ཚེས་གཅིག་ཉིན་རྒྱ་ནག་ནང་དམར་པོའི་རིང་ལུགས་ཀྱིས་དབང་བསྒྱུར་འགོ་འཛུགས་བྱས་ནས་ལོ་དྲུག་བཅུ་འཁོར་བའི་རྟེན་འབྲེལ་མཛད་སྒོ་བྱ་རྒྱུ་ཡིན་པའི་སྔ་ནུབ་ཏུ་འཁྲུག་ཆ་དོད་པའི་རྒྱལ་ས་པེ་ཅིང་གི་དབུས་ཕྱོགས་རྒྱ་ནག་གོང་མའི་ཕོ་བྲང་དང་གནམ་བདེ་སྒོ་མོ་ཆེའི་ཉེ་འཁོར་དུ་ཡོད་པའི་ཚོང་ཁང་དང་མགྲོན་ཁང་ཚང་མ་སྒོ་བརྒྱབ་འདུག
རྒྱ་ནག་གི་གཞུང་འཛིན་དཔོན་རིགས་ཚོས་རྒྱལ་སྟོན་ཉིན་མོ་སྲུང་བརྩི་བྱེད་པའི་སྐབས་བདེ་འཇགས་དང་འབྲེལ་བའི་གནད་དོན་རིགས་མི་ཡོང་བའི་དོན་དུ་ས་ཁུལ་མང་པོ་ཞིག་སྔ་ས་ནས་སྒོ་བརྒྱབ་ཡོད་པ་རེད།
རྒྱལ་ཁབ་ཀྱི་དབང་ཤུགས་གཙོ་བོ་འགྲེམས་སྟོན་བྱ་རྒྱུའི་རྒྱ་ནག་གི་རྒྱལ་སྟོན་ཉིན་མོའི་རྟེན་འབྲེལ་བྱེད་སྒོའི་ནང་མི་དམངས་འབུམ་གཅིག་ཙམ་གྱིས་རྒྱ་ནག་དམར་ཤོག་ཚོགས་པའི་དབང་སྒྱུར་འོག་རྒྱ་ནག་དེ་བཞིན་དཔལ་འབྱོར་དང་དམག་དོན་ ཆབ་སྲིད་ཀྱི་སྟོབས་ཤུགས་ལྡན་པའི་རྒྱལ་ཁབ་ཅིག་ལ་གྱུར་ཡོད་པར་བསྔགས་བརྗོད་ཀྱི་རུ་སྒྲིག་གཏོང་རྒྱུ་དང་ཡང་འགྲུལ་འཁོར་ཐོག་འགྲེམས་སྟོན་མི་འདྲ་བ་ཁག་དྲུག་བཅུ་ཙམ་ཞིག་སྒྲིག་གཤོམ་བྱ་རྒྱུ་ཡིན་པ་དང་ཞི་བདེའི་མཚོན་རྟགས་བྱ་ཕུག་རོན་སྟོང་ཕྲག་མང་པོ་མཁའ་དབྱིངས་སུ་གློད་རྒྱུ་ཡིན་པ་མ་ཟད་རྟེན་འབྲེལ་མཛད་སྒོའི་རུ་སྒྲིག་ནང་མཚོན་མདངས་བཀྲ་བའི་སྒང་ཕུག་སྔ་སྟོང་ཙམ་ལག་ཏུ་འཁྱེར་བའི་ཕྲུ་གུ་མང་པོ་ཞིག་ཀྱང་མཉམ་བཞུགས་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།
རུ་སྒྲིག་ཆེ་ཁག་གཉིས་བཏང་ཚར་བའི་རྗེས་རྒྱ་ནག་གི་སྲིད་འཛིན་ཧུ་ཅིང་ཏའོ་ཡིས་རྒྱལ་སྟོན་ཉིན་མོའི་གཏམ་བཤད་གནང་སྲིད་པའི་གནས་ཚུལ་ཐོན་འདུག
རྒྱལ་སྟོན་ཉིན་མོའི་རྟེན་འབྲེལ་གྱི་རུ་སྒྲིག་བཏང་སའི་ལམ་གཞུང་གཡས་གཡོན་ཚང་མ་བཀག་ཡོད་པ་མ་ཟད་སྲུང་སྐྱོབ་ཀྱི་གྲ་སྒྲིག་འཐུས་ཚང་ཞིག་བྱས་ཡོད་པ་དང་གྲོང་ཁྱེར་པེ་ཅིང་ནང་དཔུང་རྟགས་དམར་པོ་རྒྱབ་པའི་དང་བླངས་ཞབས་ཞུ་བ་འབུམ་བརྒྱད་བཀྲམ་འཇོག་བྱས་ཡོད་པ་རེད། སྲང་ལམ་ཁག་ནས་སྤྲང་པོ་དང་འཁྱམས་པོ་ཚང་མ་ཕྱིར་འབུད་བྱས་ཡོད་པ་དང་ཚོང་ཁང་ཁག་གིས་གྲི་སོགས་ཚོང་སྒྱུར་བྱེད་མི་ཆོག་པའི་དམ་བསྒྲགས་ཀྱང་བྱས་འདུག།