རྒྱ་ནག་གི་བྱེད་སྟངས་ལ་འབྲུག་གཞུང་གིས་ངོ་རྒོལ་བྱས་འདུག
2017.06.29
རྒྱ་ནག་གིས་འབྲུག་དང་ས་འབྲེལ་རྩོད་རྙོག་ཡོད་སར་གཞུང་ལམ་གསར་རྒྱག་བྱེད་བཞིན་པར་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་སྐྱོན་བརྗོད་བྱས་འདུག
འབྲུག་དང་རྒྱ་ནག་དབར་གྱི་འབྲོག་ལམ་མཐོ་སྒང་གི་ས་མཚམས་ལ་རྒྱ་ནག་གིས་བརྩི་སྲུང་མ་བྱས་པའི་གནད་དོན་སོགས་ཀྱི་ཐོག་ནས་རྒྱ་ནག་གིས་འབྲུག་ཡུལ་རྒྱལ་ཁབ་ཀྱི་བདག་དབང་ལ་ཉེན་ཚབས་བཟོ་བཞིན་ཡོད་པར་ཡུ་རོབ་དང་། དེ་མིན་འཛམ་གླིང་གི་ཡུལ་གྲུ་གཞན་ཁག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་རྒྱ་ནག་གི་བྱེད་སྟངས་ལ་སྐྱོན་བརྗོད་ཤུགས་ཆེ་གནང་འདུག
རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ཁྱབ་ཁོངས་འཁེལ་སའི་ཡ་དུང་Yadong རྫོང་གི་Donglang ས་ཁུལ་ཟེར་སའི་འབྲོག་ལམ་ཁུལ་ནས་Zomplri་དམག་སྒར་གྱི་བར་གཞུང་ལམ་འཛུགས་སྐྲུན་བྱ་རྒྱུའི་ཐབས་ཤེས་བྱེད་བཞིན་ཡོད་པ་རེད།
རྒྱ་ནག་གི་འཆར་གཞི་དེར་འབྲུག་གཞུང་བློ་འཚབ་བྱུང་བ་ལྟར། འབྲུག་རྒྱལ་ཁབ་གྱི་སྲིད་གཞུང་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་འབྲུག་པའི་གཞུང་ཚབ་ཁང་བརྒྱུད་རྒྱ་གར་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་ཆེན་མོ་Luo Zhaohui་ལ་འབྲུག་གི་
ས་ཐོག་རྒྱ་མིའི་དཔུང་དམག་གིས་གཞུང་ལམ་འཛུགས་སྐྲུན་གྱི་ལས་གཞི་སྤེལ་བཞིན་པ་དེ་འཕྲལ་དུ་མཚམས་འཇོགས་དང་། ས་ཁུལ་དེ་ཚོ་ནས་རྒྱ་མིའི་དམག་དཔུང་ཕྱིར་འཐེན་དང་སྦྲགས་སྔར་ཡོད་གནས་སྟངས་སོར་གནས་ཐུབ་པ་དགོས་རྒྱུའི་རེ་འདུན་བཏོན་གནང་འདུག
རྒྱ་ནག་གིས་རྒྱལ་ཁབ་གཞན་གྱི་ས་ཐོག་གཞུང་ལམ་འཛུགས་སྐྲུན་གྱི་ལས་གཞིར་རྒྱ་གར་གཞུང་དང་རྒྱ་གར་གི་ས་མཚམས་དཔུང་དམག་གིས་དགག་བྱ་ཐེངས་མང་གནང་ཡོད་པ་རེད།
ལོན་ཊོན་ནང་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་Peter Gary Tatchell གིས། རྒྱ་གར་གྱི་ANI གསར་ལས་ཁང་ལ། རྒྱ་ནག་གི་བྱེད་སྟངས་དེ་ཚོ་ནི་ཉེན་ཚབས་ཆེན་པོ་དང་མངའ་ཁུལ་གྱི་བདེ་འཇགས་སྲ་བརྟན་མེད་པ་བཟོ་རྒྱུའི་ཐབས་ཇུས་ཤིག་ཡིན་སྟབས་འབྲེལ་ཡོད་རྒྱལ་ཁབ་ཕྱོགས་གཉིས་དབར་ཕན་ཚུན་ས་མཚམས་ཀྱི་གནད་དོན་ཐོག་གཞུང་འབྲེལ་མོས་མཐུན་མ་བྱུང་གི་བར་དུ། སྔར་ཡོད་ཀྱི་གནས་སྟངས་སྔ་སོར་གནས་དགོས་ཀྱི་ཡོད་སྐོར་གསུངས་ཏེ་རྒྱ་ནག་གིས་ཉེ་འཁྲིས་རྒྱལ་ཁབ་ཀྱི་ས་མཚམས་བརྒྱུད་གཞུང་ལམ་གསར་རྒྱག་གི་ལས་དོན་འཕྲལ་དུ་མཚམས་འཇོག་དང་། རྒྱལ་ཁབ་ཕན་ཚུན་དབར་གྱི་ས་མཚམས་ཀྱི་རྩོད་རྙོག་སེལ་ཐབས་ཀྱི་གྲོས་མོལ་གང་མགྱོགས་བྱེད་དགོས་ཀྱི་རེད་ཅེས་གསུངས་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ།