ཨ་རིའི་སྲིད་འཛིན་གྱིས་རྒྱ་ནག་གི་སྲིད་འཛིན་དང་མཇལ་འཕྲད་གནང་སྲིད་པ་རྒྱལ་སྲུང་སློབ་སྟོན་པས་གསུངས་འདུག

2023.06.05
ཨ་རིའི་སྲིད་འཛིན་གྱིས་རྒྱ་ནག་གི་སྲིད་འཛིན་དང་མཇལ་འཕྲད་གནང་སྲིད་པ་རྒྱལ་སྲུང་སློབ་སྟོན་པས་གསུངས་འདུག ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་(Jack Sullivan) ༠༩།༢༠༢༢
AFP

འདས་པའི་ལོའི་ནང་ཨ་རི་དང་རྒྱ་ནག་བར་གྱི་འབྲེལ་ལམ་དེ་ཆེས་ཟང་ཟིང་དང་ཛ་དྲག་རང་བཞིན་ཅན་དུ་གནས་ཏེ་ད་ཆ་ཡུལ་གྲུ་གཉིས་བར་འབྲེལ་ལམ་སླར་གསོ་གནང་ཐབས་བྱེད་བཞིན་པའི་སྐབས་འདིར། སྲིད་འཛིན་ཇཱོ་སྦཡེ་ཌེན་མཆོག་གིས་དུས་ཚོད་འོས་འཚམས་ཤིག་ལ་རྒྱ་ནག་གི་སྲིད་འཛིན་ཞི་ཅི་ཕིན་དང་མཇལ་འཕྲད་གནང་སྲིད་པ་ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་(Jack Sullivan)་ཡིས་གསུངས་འདུག དེ་ནི་རེས་གཟའ་ཉི་མའི་ཉིན་ཨ་མི་རི་ཀའི་བརྙན་འཕྲིན་ལས་ཁང་(CNN)་གི་གསར་འགོད་པ་(Fareed Zakaria)་གི་ལེ་ཚན་ནང་ཕེབས་སྐབས། ཉེ་དུས་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ཟུར་པ་(Henry Kissinger)་ཡིས་ད་ལྟའི་ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་དེ་ནི་འཛམ་གླིང་དམག་ཆེན་གོང་གི་གནས་སྟངས་དང་གཅིག་མཚུངས་ཡིན་པ་དང་། ཕྱོགས་ཕན་ཚུན་གཉིས་ཀར་གནད་དོན་གང་གི་ཐོག་ལ་ཡང་ཆག་ཡང་གཏོང་རྒྱུའི་ས་ཆ་མེད་ལུགས་ཉེ་དུས་གསུངས་པ་དེའི་སྐོར་གནས་འདྲི་ཞུས་བ་ལན་འདེབས་གནང་སྐབས་གསུངས་ཡོད་པ་དང་། ད་དུང་ཁོང་གིས་སྔ་ལོ་ཨ་མི་རི་ཀའི་སྲིད་འཛིན་དང་རྒྱ་ནག་གི་སྲིད་འཛིན་གཉིས་ཨིན་ཌོ་ནེ་ཤེ་ཡའི་གྲོང་ཁྱེར་(Bali)་ནང་ཟུར་དུ་མཇལ་འཕྲད་གནང་སྐབས་ཁོང་ཡང་ཡོད། ཡིན་ཡང་དེ་འདྲའི་མྱོང་ཚོར་གང་ཡང་མ་བྱུང་ཞེས་གསུངས་པའི་ཁ་སྣོན་དུ་དབུ་ཁྲིད་རྣམ་གཉིས་ཀྱིས་གནས་ལུགས་གོ་རྟོགས་ཡོང་ཐབས་གནང་རྒྱུའི་འབད་བརྩོན་གནང་ཡོད་ལུགས་ཀྱང་གསུངས་འདུག ད་དུང་ཁོང་གིས་དབུ་ཁྲིད་རྣམ་གཉིས་མ་འོངས་བའི་དུས་ཚོད་གཅིག་ལ་མཇལ་འཕྲད་གནང་རྒྱུ་ཡིན་པ་དང་། ཨ་མི་རི་ཀ་དང་རྒྱ་ནག་གཉིས་བར་འགྲན་རྩོད་ཡོད་པ་དེ་གདོང་ཐུག་མི་འབྱུང་སླད་འགན་འཁུར་ཡོད་པའི་ཐོག་ནས་འགྲན་རྩོད་བྱ་རྒྱུ་གཙོས་པའི་གནད་དོན་ཁག་ཕྱོགས་གཉིས་ཀས་སེལ་རྒྱུའི་འདོད་པ་ཡོད་ལུགས་ཀྱང་གསུངས་ཡོད་འདུག
ཡང་གཟའ་ཟླ་བ་ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་(Ma Zhaoxu)་དང་ཨ་རིའི་ཤར་ཨེ་ཤེ་ཡ་དང་ཞི་བདེའི་རྒྱ་མཚོའི་གནད་དོན་ཐོག་གི་དྲུང་ཆེ་ལས་རོགས་(Daniel Kriteenbrink)་དང་མཇལ་ཕྲད་གནང་རྒྱུ་ཡིན་ལུགས་རྒྱ་ནག་གིས་ཕྱི་སྲིད་ལྷན་ཁང་གིས་བརྗོད་འདུག
ཨ་རྒྱ་གཉིས་ཀྱིས་འབྲེལ་ལམ་སླར་གསོ་ཡོང་ཐབས་ཀྱི་རེ་བ་ཞིག་ཡོད་ཀྱང་། ཕྱི་ཚེས་༥ཉིན་ཐེ་ཝན་མཚོ་འགག་ཏུ་ཨ་རིའི་དམག་གི་མཚོ་གྲུ་དང་རྒྱ་ནག་གི་དམག་གྲུ་བར་ཐག་ཉེར་བ་སླེབས་ཡོད་པའི་གནད་དོན་དེ་རིགས་ཡང་འབྲེལ་ལམ་གྱི་འགལ་རྐྱེན་ཆགས་ཡོང་སྲིད་པ་ཞིག་དང་། གདོང་ཐུག་ཡོང་རྒྱུའི་ཉེན་ཁ་ཡང་མུ་མཐུད་ཡོད་འདུག་ཀྱང་ཕྱོགས་གཉིས་ཀྱིས་གཅིག་གིས་གཅིག་ལ་ནོར་འཁྲུལ་ཡིན་པ་སྐྱོན་བརྗོད་བྱེད་རེས་བྱེད་ཀྱི་ཡོད་འདུག


གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎