རྒྱ་ནག་ནང་གི་འཁྲབ་སྟོན་ཁག་ཕྱིར་འཐེན་བྱ་དགོས་བྱུང་འདུག
2015.09.09
ཨ་མི་རི་ཀའི་གླུ་གཞས་གཏོང་མཁན་གྲགས་ཅན་Bon Joviཡིས་རྒྱ་ནག་ནང་གི་འཁྲབ་སྟོན་ཁག་ཕྱིར་འཐེན་བྱ་དགོས་བྱུང་འདུག
དེ་ཡང་ཨ་མི་རི་ཀའི་གླུ་གཞས་གཏོང་མཁན་གྲགས་ཅན་Bon Joviཡིས་ཟླ་བ་འདིའི་ཚེས་༡༤ཉིན་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་དང་། ཕྱི་ཚེས་༡༧ཉིན་རྒྱལ་ས་པེ་ཅིང་དུ་གླུ་གཞས་འཁྲབ་སྟོན་བྱ་རྒྱུའི་དུས་ཚེས་གཏན་འཁེལ་ཟིན་ནས་ལག་ཁྱེར་ཡང་ཚོང་ཟིན་ཡོད་ཀྱང་། གོ་བསྒྲིགས་ཞུ་མཁན་AEG Live Asiaཞེས་པས་རྒྱུ་མཚན་གང་ཡང་འགྲེལ་བརྗོད་མ་བྱས་པར་འཁྲབ་སྟོན་བྱ་རྒྱུ་ཕྱིར་འཐེན་བྱ་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་དང་། གོ་སྒྲིག་ཚོགས་ཆུང་གིས་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་གཞས་སྣ་འཁྲབ་སྟོན་བྱ་རྒྱུ་ཕྱིར་འཐེན་བྱ་དགོས་བྱུང་བ་དེས་མང་པོ་ཞིག་ལ་སྟབས་མི་བདེ་བ་དང་། བློ་ཕམ་བྱུང་ཡོད་པ་དེར་དགོངས་སེལ་ཞུ་རྒྱུ་དང་། ལག་ཁྱེར་གྱི་རིན་འབབ་རྣམས་ཕྱིར་སློག་བྱ་རྒྱུ་ཡིན་ཞེས་བཀོད་ཡོད་འདུག
འོན་ཀྱང་The Financial Timesཞེས་པའི་གསར་ཤོག་གིས། དེ་ནི་ཕྱི་ལོ་༢༠༡༠ལོར་གླུ་གཞས་ཚོགས་པ་དེས་ཐེ་ཝན་ནང་གླུ་གཞས་འཁྲབ་སྟོན་བྱས་སྐབས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་གྱི་མདུན་དུ་གླུ་གཞས་གཏོང་བཞིན་པའི་བརྙན་འཕྲིན་ཞིག་རྒྱ་ནག་གི་རིག་གཞུང་བློན་ཆེན་ལས་ཁུངས་གིས་ཤེས་རྟོགས་བྱུང་རྗེས་འཁྲབ་སྟོན་བྱ་རྒྱུ་ཕྱིར་འཐེན་བྱ་དགོས་ཆགས་ཡོད་ལུགས་གནས་ཚུལ་སྤེལ་འདུག
ཨ་རིའི་གླུ་གཞས་གཏོང་མཁན་གྲགས་ཅན་Bon Joviཡིས་རྒྱ་སྐད་Mandarinཐོག་མཛའ་གཞས་ཁག་ཅིག་གསར་བཟོ་གནང་ཡོད་པ་དང་། གླུ་གཞས་འཁྲབ་སྟོན་དེ་ཕྱིར་འཐེན་བྱ་དགོས་མ་བྱུང་བ་ཡིན་ན། དེ་ནི་ཁོང་གིས་རྒྱ་ནག་ནང་འཁྲབ་སྟོན་གནང་བ་དང་པོ་དེ་ཆགས་རྒྱུ་ཡིན་པ་རེད། རྒྱ་ནག་གཞུང་གིས་རྒྱུན་དུ་ཕྱི་རྒྱལ་གྱི་གཞུང་དང་། གྲགས་ཅན་མི་སྣ་སུ་འདྲ་ཞིག་ཡིན་རུང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱབ་སྐྱོར་གྱི་རྣམ་པ་སྟོན་པ་ཙམ་ལ་ཚོར་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་རེད།
གསར་འགོད་པ་ཚེ་དབང་དངོས་གྲུབ།