རྒྱ་དཀར་ནག་གཉིས་ཀྱི་བར་འཁྲུག་འཛིང་ཤོར་ཏེ་རྒྱ་གར་གྱི་དམག་མི་༢༠་རྐྱེན་ལམ་དུ་ཤོར་འདུག
2020.06.16
རྒྱ་གར་ལ་དྭགས་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་བར་འཁྲུག་འཛིང་ཤོར་ནས་ཉུང་མཐར་ཡང་རྒྱ་གར་གྱི་དམག་མི་༢༠་ཙམ་གྱི་ཚེ་སྲོག་ཤོར་ཡོད་འདུག
དེ་ཡང་རྒྱ་གར་གཙོས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། འདི་ཚེས་༡༥་རེས་གཟའ་ཟླ་བའི་ཉིན། རྒྱ་གར་ལ་དྭགས་ཀྱི་གྷལ་ཝན་ཡུལ་གཤོངས་སུ་རྒྱ་གར་དང་རྒྱ་ནག་ཕྱོགས་གཉིས་ཀའི་དམག་མིའི་བར་འཁོན་འཛིང་བྱུང་བའི་དོན་རྐྱེན་ཁྲོད། རྒྱ་གར་གྱི་དམག་མི་གསུམ་གྱི་ཚེ་སྲོག་ཤོར་ཡོད་པ་རྒྱ་གར་གཞུང་གིས་ཕྱི་བསྒྲགས་བྱས་ཡོད་ཀྱང་། འདི་ཚེས་༡༦་ཉིན་རྨས་སྐྱོན་ཕོག་པའི་དམག་མི་ཁག་ཅིག་གྲོངས་ཟིན་ནས་ད་ཆ་ཚེ་སྲོག་ཤོར་བའི་དམག་མིའི་གྲངས་ཀ་༢༠་བར་འཕར་ཡོད་པ་རྒྱ་གར་གཞུང་གིས་བསྒྲགས་འདུག ད་དུང་རྒྱ་གར་གཞུང་གིས་འཁྲུག་འཛིང་དེའི་ཁྲོད་རྒྱ་ནག་གི་དམག་མི་༤༠་ཙམ་ཤི་རྨས་བྱུང་ཡོད་པ་བསྒྲགས་ཡོད་ཀྱང་། དེའི་ཐད་རྒྱ་ནག་གི་ཕྱོགས་ནས་ཤི་རྨས་བྱུང་ཡོད་པ་ལས་གྲངས་ཀ་སོགས་ཁ གསལ་བསྒྲགས་མི་འདུག
ད་ལྟའི་ཆར་ཡུལ་གཉིས་ཀྱི་ས་མཚམས་དམག་མིའི་ཆེ་མཐོིའི་དཔོན་རིགས་བར་གནས་སྟངས་ལྷིང་འཇགས་ཡོང་ཐབས་སུ་བཀའ་བསྡུར་གནང་བཞིན་ཡོད་པ་རེད་འདུག
དེའི་ཐད་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག ས་མཚམས་སུ་འཁོན་འཛིང་བྱུང་བ་དངོས་འབྲེལ་ཡིན་ལུགས་དང་། ད་ལྟའི་དུས་ཚོད་འདིར་ཕྱོགས་གཉིས་དབར་འགྲིགས་འཇགས་ཡོང་ཐབས་ཀྱི་གྲོས་མོལ་བྱེད་བཞིན་ཡོད་སྟབས། རྒྱ་གར་གྱི་ས་མཚམས་དམག་མི་ཚོས་ང་ཚོའི་ས་ཁུལ་དུ་སིམ་འཛུལ་བྱེད་རྒྱུ་དང་རྙོག་དྲ་ཆེ་རུ་འགྲོ་གཞིའི་ལས་དོན་མ་བྱེད་རོགས་ཞེས་འབོད་སྐུལ་ཡིན་ལུགས་འགྲེལ་བརྗོད་བྱས་ཡོད་འདུག
གནས་ཚུལ་ལྟར་ན། རྒྱ་དཀར་ནག་གཉིས་བར་ཕྱི་ལོ་ ༡༩༦༢ ་ལོར་ས་མཚམས་སུ་དམག་འཁྲུག་བྱུང་བའི་རྗེས་སུ། ཕྱི་ལོ་ ༡༩༧༥ ་ལོར་ས་མཚམས་སུ་འཁོན་འཛིང་བྱུང་བའི་འོག་དམག་མིའི་ཚེ་སྲོག་ཤོར་བའི་གནས་ཚུལ་བྱུང་བ་ལས་དེའི་རྗེས་ད་བར་དམག་མི་རྐྱེན་ལམ་དུ་བཏང་བའི་གནས་ཚུལ་བྱུང་མྱོང་མེད་པ་རེད། རྩ་བའི་ས་མཚམས་སུ་རྒྱ་ནག་གི་དམག་མི་སིམ་འཛུལ་གྱི་གནས་ཚུལ་ཡང་སེ་ཡོང་གི་ཡོད་པ་དང་། ལྷག་པར་དུ་ལོ་འདིའི་ཕྱི་ཟླ་ལྔ་པའི་ཚེས་བརྒྱད་ཉིན་ལ་དྭགས་ཙམ་མ་ཡིན་པར་རྒྱ་གར་བྱང་ཤར་འབྲས་ལྗོངས་དང་། ཨ་རུ་ན་ཅལ་མངའ་སྡེའི་ས་མཚམས་སུའང་རྒྱ་ནག་གི་དམག་མི་སིམ་འཛུལ་བྱས་པ་དང་། དམིགས་བསལ་ལ་དྭགས་ཀྱི་གྷལ་ཝན་དང་སྤང་གོང་མཚོའི་ས་ཁུལ་དུ་རྒྱ་ནག་གི་དམག་མི་སིམ་འཛུལ་གྱི་ཉིན་ཤས་གོང་ཕྱོགས་གཉིས་དབར་གྲོས་མོལ་གནང་སྟེ། ཕྲན་བུའི་ལྷིང་འཇགས་སུ་ཕྱིན་པའི་རྣམ་པ་ཐོན་ཡོད་ཀྱང་ད་རེས་སླར་ཡང་འཁོན་འཛིང་བྱུང་སྟེ་རྒྱ་གར་གྱི་དམག་མི་༢༠་རྐྱེན་ལམ་དུ་བཏང་ཡོད་པ་བཅས་ཀྱི་གནས་སྟངས་འོག སླར་ཡང་རྒྱ་དཀར་ནག་གི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་རྒྱུའི་ཉེན་ཁ་ཆགས་ཡོད་པ་རེད།