རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཡར་རྒྱས་ཕྱིན་མེད་པ།
2008.10.22
༄༅༎རྒྱ་ནག་གིས་འདི་ལོ་ཨོ་ལིམ་པིག་ལུས་རྩལ་འགྲན་ཚོགས་སྐབས་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་རང་དབང་སྤྲད་པ་དེ་དག་མུ་མཐུད་སྤྲོད་རྒྱུའི་ཐག་གཅོད་བྱས་པ་དེར་ཁ་ས་དབྱིན་ཡུལ་གྱིས་དགའ་བསུ་ཞུས་ཡོད་ནའང་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་ཡར་རྒྱས་ཕྱིན་མེད་པ་དེར་བློ་ཕམ་ཆེན་པོ་གནང་འདུག
རེས་གཟའ་པ་སངས་དགོང་དྲོ་རྒྱ་ནག་གིས་རྒྱལ་ནང་གི་གསར་འགོད་པ་མ་ཡིན་པར་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་རྒྱ་ནག་གཞུང་ནས་ཆོག་མཆན་ཞུ་མ་དགོས་པར་འབྲེལ་ཡོད་རྒྱ་ནག་གི་མི་སྣར་གནས་འདྲི་བྱེད་ཆོག་པའི་གསར་འགོད་རང་དབང་གི་ཐོབ་ཐང་མུ་མཐུད་སྤྲོད་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད་
དབྱིན་ཡུལ་གྱི་ཕྱི་འབྲེལ་བློན་ཆེན་གཞོན་པ་སྦིལ་ར་མེལ་གྱིས་གྲོས་ཚོགས་ཀྱི་དྲི་བར་ཡིག་ཐོག་ནས་ལན་འདེབས་གནང་བའི་ནང་རྩེད་འགྲན་གོང་རྒྱ་ནག་གིས་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་རང་དབང་གི་སྒོ་ནས་གསར་འགྱུར་བཀོད་ཆོག་རྒྱུའི་སྒྲིག་གཞི་བཟོས་པ་དེར་དབྱིན་ཡུལ་གྱིས་དགའ་བསུ་ཞུས་གནང་བ་དང་རྒྱ་ནག་གིས་ཕྱི་རྒྱལ་གསར་འགོད་པས་གསར་འགྱུར་འགོད་ཕྱོགས་ཐད་སྟབས་བསྟུན་བསམ་ཤེས་བྱ་རྒྱུའི་བརྡ་བཏོན་བྱས་པ་དེས་དབྱིན་ཡུལ་ལ་སེམས་འགུལ་ཐེབས་ཡོད་ནའང་རྒྱ་ནག་གིས་གཞི་རྩའི་ཆར་ཨོ་ལིམ་པིག་རྩེད་འགྲན་མ་ཚུགས་གོང་དང་ཚུགས་ཚར་བའི་རྗེས་སུའང་ཡུལ་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་ཡར་རྒྱས་ཕྱིན་མེད་པ་དེར་བློ་ཕམ་ཆེན་པོ་ཡོད་ཅེས་གསུངས་ཡོད་པ་རེད་ དེ་བཞིན་དབྱིན་ཡུལ་གྱི་ཕྱི་འབྲེལ་བློན་ཆེན་སྐུ་གཞོན་སྦིལ་ར་མེལ་གྱིས་བོད་ནང་གི་གནས་སྟངས་ཐད་དབྱིན་ཡུལ་ལ་སེམས་འཁུར་ཆེན་པོ་ཡོད་པ་དང་ཨོ་ལིམ་པིག་ལུས་རྩལ་འགྲན་ཚོགས་སྐབས་རྒྱ་ནག་གཞུང་གིས་ཆོག་མཆན་སྤྲད་པའི་ངོ་རྒོལ་བྱ་ཡུལ་གྱི་ས་ཆ་དེ་ཚོ་ངོ་རྒོལ་ཆེད་དངོས་སུ་བེད་སྤྱོད་བཏང་མེད་པ་དེའི་ཐད་ལའང་དབྱིན་ཡུལ་ལ་བློ་འཚབ་ཡོད་སྐོར་གསུངས་ཏེ་སླད་ཕྱིན་རྒྱ་ནག་མཉམ་འབྲེལ་བ་བྱེད་པའི་སྐབས་དབྱིན་ཡུལ་གྱིས་འགྲོ་བ་མིའི་ཐོབ་ཐང་ཐོག་དམིགས་བསལ་དོ་སྣང་གནང་རྒྱུ་ཡིན་སྐོར་གསུངས་བཞག