ཨ་རིའི་སྲིད་འཛིན་སྦུཤ་རྒྱ་ནག་ཏུ་ཕེབས་ཐོན་གྱི་སྐོར།

ཨ་མི་རི་ཀའི་སྲིད་འཛིན་མཆོག་ནས་འཛམ་གླིང་ནང་རྒྱ་ནག་གི་གནས་བབ་ཇི་ཡིན་ཐད་དགོངས་ཚུལ་བཟང་ངན་གཉིས་ལྡན་ཞིག་གསུངས་ འདུག

2008.08.05

༄༅༎ཨ་མི་རི་ཀའི་སྲིད་འཛིན་ ཇོརཇ་སྦུའུ་ཤེ་མཆོག་རྒྱ་ནག་ཏུ་ཨོ་ལིམ་པིག་ཆེད་ཕེབས་ཐོན་གནང་ཟིན་པ་དང་ ལྦ་ཤིང་ཊོན་པོསཊི་གསར་ཤོག་གིས་བཅར་འདྲིར་བཀའ་ལན་གནང་པའི་སྐབས་ འཛམ་གླིང་ནང་རྒྱ་ནག་གི་གནས་བབ་ཇི་ཡིན་ཐད་དགོངས་ཚུལ་བཟང་ངན་གཉིས་ལྡན་ཞིག་གསུངས་པ་དང་ཆབས་ཅིག་ རྒྱ་ནག་དང་མུ་མཐུད་ལས་དོན་འབྲེལ་ལམ་དགོས་རྒྱུ་ནི་གལ་འགངས་ཆེན་པོ་ཡིན་པ་འགྲེལ་བརྗོད་གནང་འདུག

ལྦ་ཤིང་ཊོན་པོསཊི་གསར་ཤོག་གིས་ སྲིད་འཛིན་སྦུའུ་ཤེ་མཆོག་ལ་བཅར་འདྲི་ཞུས་པ་དེ་གཟའ་མིག་དམར་ཉིན་འདོན་སྤེལ་བྱས་ཡོད་པ་དང་ དེའི་ནང་ རྒྱ་ནག་གཞུང་གིས་བྱ་ཀོ་རི་ཡ་དང་ཨི་རན་གྱི་རྡུལ་ཕྲན་ལས་འཆར་བཀག་སྡོམས་ཆེད་འབད་བརྩོན་གནང་པར་བསྡོད་བསྔགས་གནང་པ་དང་སྦྲགས་ སྲིད་འཛིན་སྦུའུ་ཤེ་མཆོག་གིས་ ཁོང་སྲིད་འཛིན་གནང་ཡུན་གྱི་འདས་པའི་ལོ་བརྒྱད་ཀྱི་དུས་ཚོད་དེའི་རིང་ རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཡར་རྒྱས་ཕྱིན་ཡོད་ཚུལ་བརྗོད་ཐུབ་རྒྱུ་ཧ་ཅང་ཁག་པོ་ཡིན་པ་འགྲེལ་བརྗོད་གནང་འདུག

སྲིད་འཛིན་སྦུའུ་ཤེ་མཆོག་གིས་ རྒྱ་ནག་གཞུང་ནས་ཨོ་ལིམ་པིག་མ་ཚུགས་སྔོན་སྲུང་སྐྱོབ་ཀྱི་གྲ་སྒྲིག་ཤུགས་ཆེ་ཞིག་བྱེད་བཞིན་པ་དེ་ནི་ རྒྱ་ནག་གཞུང་གི་དབུ་འཁྲིད་ཚོས་དགོས་ངེས་ཞིག་ཡིན་པ་བརྗོད་བཞིན་ཡོད་ན་ཡང་ འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་འདི་ནི་ གཞུང་དང་ལྟ་བ་མི་མཐུན་མཁན་ཚོའི་ཐོག་དྲག་གནོན་བྱ་རྒྱུའི་ལག་ཆ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་འདུག སྲིད་འཛིན་སྦུའུ་ཤེ་མཆོག་གིས་ རྒྱ་ནག་གི་འགོ་འཁྲིད་ཚོས་ འཇིགས་བསྐུལ་དྲག་སྤྱོད་པའི་གཏོར་རྒོལ་འབྱུང་སྲིད་པར་ཚད་ལས་བརྒལ་བའི་དྭོགས་པ་རྣམ་རྟོག་གནང་གི་འདུག་ཅེས་དང་ ངའི་རེ་བར་སྲུང་སྐྱོབ་ཀྱི་གྲ་སྒྲིག་དེ་ཙམ་ཡོད་པ་དང་ཆབས་གཅིག་ རྩེད་འགྲན་གྱི་ཚོར་ཤུགས་མི་ཉམས་པ་བྱེད་དགོས་པ་དེ་ཡིད་འཇགས་བྱེད་དགོས་པ་དང་ གལ་ཏེ་དུས་ཟིང་གི་རྣམ་པ་འདྲ་འབྱུང་ཚེ་ དོན་རྐྱེན་དེ་དག་ལ་དྲག་རྩུབ་དང་དྲག་ལས་མིན་པའི་ཐོག་ནས་གདོང་ལེན་བྱེད་དགོས་ཀྱི་རེད་ཅེས་གསུངས་འདུག

གཟའ་ཉི་མའི་ཉིན་ སྲིད་འཛིན་སྦུའུ་ཤེ་མཆོག་དང་རྒྱ་ནག་གི་སྲིད་འཛིན་ ཧུ་ཇིན་ཏའོ་རྣམ་གཉིས་མཇལ་འཕྲད་གནང་རྒྱུ་ཡིན་ཞིང་ དེའི་གོང་སྲིད་འཛིན་སྦུའུ་ཤེ་མཆོག་ པེ་ཅིང་དུ་ཡོད་པའི་ཡེ་ཤུའི་ཆོས་ཁང་ཞིག་གི་ནང་ཐུགས་སྨོན་ཕྱག་འཚལ་གནང་རྒྱུ་ཡིན་ཞིང་ དེ་རྗེས་སྲིད་འཛིན་གྱི་མཚན་ཐོག་ནས་ ཆོས་དད་རང་དབང་གི་ཐོབ་ཐང་གོང་འཕེལ་གཏོང་དགོས་པའི་འབོད་བསྐུལ་གྱི་གསལ་བསྒྲགས་ཤིག་གནང་རྒྱུ་ཡིན་འདུག

སྲིད་འཛིན་སྦུའུ་ཤེ་མཆོག་ནས་ རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏའོ་མཇལ་འཕྲད་སྐབས་ འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་ ཆོས་དད་རང་དབང་གི་གནད་དོན་སྐོར་བཀའ་མོལ་ལྷུགས་པོ་གནང་རྒྱུ་ཡིན་པ་གསུངས་པར་མ་ཟད་ རྒྱ་ནག་གི་སྲིད་འཛིན་གྱི་ངོས་ནས་སྲིད་འཛིན་སྦུའུ་ཤེ་གྱི་བཀའ་མོལ་ལ་གསན་འཇོག་དང་ དོན་གཉེར་ལྡན་པའི་ཐོག་ནས་དགོངས་བཞེས་གནང་རྒྱུར་ཡིད་ཆེས་གནང་གི་ཡོད་ཅེས་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎