གསོལ་འདེབས་དང་མཆོད་མེ་འབུལ་བར་ཁྲིམས་གཞི་གསར་བ།


2015.04.15
བོད་ནང་གི་བོད་མི་ཚོས་༧གོང་ས་མཆོག་གི་སྐུ་པར་མཐོང་པས་དད་ཕྱག་འཚལ་བཞིན་པ། བོད་ནང་གི་བོད་མི་ཚོས་༧གོང་ས་མཆོག་གི་སྐུ་པར་མཐོང་པས་དད་ཕྱག་འཚལ་བཞིན་པ།
བོད་འབྱོར།

སྤྱི་ནོར་༧གོང་ས་མཆོག་ལ་གསོལ་བ་སྨོན་ལམ་འདེབས་རྒྱུ་དང་གང་ཉིད་ལ་མཆོད་མེ་སོགས་འབུལ་བ་ཁྲིམས་འགལ་དུ་བརྩི་རྒྱུ་ཡིན།
དེ་ཡང་བོད་ཤར་ཕྱོགས་མདོ་སྨད་རྨ་ལྷོ་རེབ་གོང་ཁུལ་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གསོལ་བ་སྨོན་ལམ་འདེབས་རྒྱུ་དང་། ༧མགོན་པོ་གང་ཉིད་ལ་མཆོད་མེ་སོགས་འབུལ་བ་ཁྲིམས་འགལ་དུ་བརྩི་རྒྱུ་ཡིན་སྐོར་རྒྱ་ནག་གཞུང་གིས་ཁྲིམས་གཞི་གསར་པ་ཞིག་བཟོས་ཡོད་པ་དང་། དེའི་ཐད་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཀྲོན་ལ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་འདི་ཟླའི་ཚེས་༡༤་ཉིན་སྙན་ཐོ་ཞིག་འགྲེམས་སྤེལ་གནང་བའི་ནང་། རྒྱ་ནག་གི་ཁྲིམས་གཞི་གསར་བ་དེའི་ནང་གི་དོན་ཚན་གཙོ་བོ་གསུམ་འབུར་བཏོན་གནང་ཡོད་འདུག་པར། དོན་ཚན་དང་པོ། བོད་ཤར་ཕྱོགས་ཨ་མདོ་རེབ་གོང་ཁུལ་ལ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གསོལ་བ་སྨོན་ལམ་འདེབས་རྒྱུ་དང་། ༧མགོན་པོ་གང་ཉིད་ལ་མཆོད་མེ་ཕུལ་བ། དེ་བཞིན་རང་ལུས་མེར་བསྲེགས་གཏོང་མཁན་ཚོ་ཁྲིམས་འགལ་དུ་རྩིས་ནས་ཉེས་ཆད་གཏོང་རྒྱུའི་ཁྲིམས་གཞི་གསར་པ་ཞིག་བཟོས་འདུག དོན་ཚན་གཉིས་པ། གོང་ཞུས་ཁྲིམས་གཞི་གསར་པ་དེ་ནི་རྫོང་རིམ་པའི་དཔོན་རིགས་ཚོས་ངེས་པར་ལག་བསྟར་དགོས་པའི་བཀའ་ཁྱབ་བཏང་བ་ཞིག་ཡིན་ཞིང་། དེ་ནི་བོད་མི་ཚོའི་ཉིན་རེའི་བྱེད་སྒོ་སྤྱི་དང་། ལྷག་དོན་དུ་ཆོས་དད་ཀྱི་བྱེད་སྒོ་ཁག་ལ་ཁྲིམས་འགལ་ཡིན་པའི་ནག་ཉེས་བཙུགས་ཕྱིར་ཡིན་པ་རེད། རྒྱ་གཞུང་གི་ཐབས་ལམ་དེ་དག་ནི་བོད་སྤྱི་ཡོངས་དང་། ལྷག་དོན་དུ་ཞི་བའི་ངོ་རྒོལ་རྔམ་སྟོན་དང་རང་ལུས་མེར་བསྲེགས་གནང་ཡུལ་ཨ་མདོ་རེབ་གོང་དང་མཚུངས་པའི་ས་ཁུལ་ཁག་གི་བོད་མིའི་ཐོག་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་བའི་རྟགས་མཚན་གསར་ཤོས་དེ་ཡིན་འདུག དོན་ཚན་གསུམ་པའི་ནང་། རྒྱ་གཞུང་གི་ཁྲིམས་གཞི་གསར་པ་དེས་བོད་ཀྱི་ཆོས་དང་རིག་གཞུང་། རང་མི་རིགས་ཀྱི་ངོ་བོའམ་རྣམ་པ་བཅས་པ་བློ་སྟོབས་ཆེན་པོའི་ངང་ནས་མི་ཉམས་རྒྱུན་འཛིན་དང་། ཉམས་པ་སོར་ཆུད་གནང་ཐབས་གནང་མཁན་ཨ་མདོ་རེབ་གོང་ཁུལ་གཙོས་པའི་བོད་མི་རྣམས་ལ་ཉེན་ཁ་ཆེ་རུ་བཟོས་འདུག་ལ་གང་ལྟར་རྒྱ་གཞུང་གིས་བོད་མི་ཚོར་བྱེད་མི་ཆོག་པའི་བྱེད་སྒོ་༢༠་ཟེར་བའི་ཁྲིམས་གཞི་གསར་པ་ཞིག་བཟོས་པ་དེ་ནི་འདི་ལོའི་ཕྱི་ཟླ་༢་པའི་ཚེས་༡༢་ཉིན་ཨ་མདོ་རེབ་གོང་གི་རྒྱ་ནག་དམར་ཤོག་ཚོགས་པའི་ལས་ཁུངས་ཀྱིས་འདོན་སྤེལ་བྱས་པའི་རྗེས་སུ་སྤྱི་ཚོགས་བརྒྱུད་ལམ་ཁག་ལ་འགྲེམས་སྤེལ་བྱས་དོན་བཀོད་འདུག

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎