རྒྱ་ནག་གི་སྲིད་འཛིན་གཞོན་པར་བོད་མིས་ངོ་རྒོལ་སྤེལ་བ།

ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་དང་གྲོང་ཁྱེར་ནིའུ་ཡོཀ་བོད་མིས་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཇིང་ཕིང་ལ་ངོ་རྒོལ་སྤེལ་བ།

2012.02.12

༄༅༎རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཅིན་ཕིང་ཕྱི་ཟླ་གཉིས་པའི་ཚེས་༡༣ ནས་འདི་ག་ཨ་མེ་རི་ཀར་འཚམས་འདྲིར་ཡོང་གི་ཡོད་པའི་སྐབས་དེར་རྒྱལ་སྤྱིའི་གསར་ཤོག་ཞེས་པའི་ཐོག་ལ་ཞི་ཇིང་ཕིང་མ་འོངས་པའི་རྒྱ་ནག་རྒྱལ་ཁབ་ཀྱི་མི་རབས་ལྔ་པའི་ཤུལ་འཛིན་འགོ་ཁྲིད་དུ་འགྱུར་བ་ཡིན་ནའང་བོད་དང་ཤིང་ཅང་གི་དཀའ་རྙོག་གཙོས་པའི་རྒྱལ་སྤྱི་དང་རྒྱལ་ནང་གི་གནད་དོན་མང་པོ་ཞིག་ལ་གདོང་ལེན་བྱ་དགོས་པ་ཞིག་ཡོང་རྒྱུ་ཡིན་པ་སྔོན་དཔགས་བྱེད་ཀྱི་ཡོད་པ་རེད།
དེ་ཡང་རྒྱལ་སྤྱིའི་གསར་ཤོག་དེའི་ཐོག་ལ་ཞི་ཇིང་ཕིང་སྐོར་ལ་དོན་ཚན་ཁག་བཅུ་བཀོད་ཡོད་པའི་ནང་ནས་གཅིག་ནི་བོད་དང་འབྲེལ་བ་ཡོད་པའི་གནད་དོན་ཡིན་ཞིང༌། དེའི་ནང་དུ་མ་འོངས་ཞི་ཇིང་ཕིང་གིས་རྒྱ་ནག་གི་སྲིད་དབང་འཛིན་པའི་རྗེས། བོད་དང་ཤིང་ཅང་མི་དམངས་ཚོར་ཕྲན་བུ་གུ་ཡངས་ཀྱི་སྲིད་ཇུས་ལག་བསྟར་བྱ་སྲིད་ཀྱི་ཡོད་མེད་དང། ལྷག་པར་དུ་༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོིལ་ཆེན་མོ་བྱུང་བ་མ་ཟད། བར་ལམ་ཡང་བོད་ཀྱི་ས་ཁུལ་ནང་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་གྱི་རྣོ་ངར་ཤུགས་ཆེ་རུ་ཕྱིན་ཏེ། རྒྱ་ནག་གི་དྲག་ཆས་ཉེན་རྟོག་པས་དྲག་གནོན་ཚབས་ཆེ་བྱས་པར་བརྟེན་ནས་བོད་མིའི་རྐྱེན་འདས་སུ་ཕྱིན་པ་དང༌། སྤྱི་ཚོགས་བརྟན་ལྷིང་མེད་པར་གྱུར་ཡོད་པའི་གནས་ལུགས་ལུང་འདྲེན་གནང་སྟེ། བོད་ཀྱི་དཀའ་རྙོགས་དེ་ནི་ཞི་བའི་གྲོས་མོལ་གྱི་ཐབས་ལམ་ཐོག་ནས་སེལ་དགོས་ཀྱང་དེ་ལས་ལྡོགས་ཏེ་བོད་མིའི་ཐོག་དྲག་གནོན་ཁོ་ན་ལག་བསྟར་བྱེད་མཁན་གྱི་ད་ལྟའི་རྒྱ་ནག་གི་འགོ་ཁྲིད་ཚོར་ཞི་ཇིང་ཕིང་གིས་གདོང་ལེན་བྱས་ཏེ་བོད་མི་རྣམས་རྒྱ་ཧན་མི་རིགས་དང་ཞི་བདེ་མཉམ་གནས་ཐུབ་པའི་སྲིད་ཇུས་ལག་བསྟར་བྱེད་ནུས་པའི་བློ་སྟོབས་ལྡན་ཡོད་མེད་ནི་གནད་འགག་ཞིག་ཡིན་པའི་སྐོར་བཀོད་ཡོད་པ་རེད། དེ་རིང་རེས་གཟའ་སྤེན་པ་ནས་འགོ་བཙུགས་ཏེ་ཉིན་གསུམ་རིང་ཞི་ཇིང་ཕིང་འདི་ག་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་འཚམས་འདྲི་བྱེད་པའི་རིང་རྒྱལ་སའི་མངའ་ཁུལ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་དང་ནེའུ་ཇར་སི་ས་གནས་བོད་མི་མང་པོ་ཞིག་རྒྱལ་སར་འདུ་འཛོམས་ཀྱིས་ཨ་རིའི་ཕོ་བྲང་དཀར་པོའི་མདུན་དང། རྒྱ་ནག་གཞུང་ཚབ་ཁང་མདུན་ངོ་རྒོལ་གྱི་ལས་འགུལ་རིམ་པ་བཞིན་སྤེལ་རྒྱུ་ཡིན་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎