རྒྱ་ནག་ནང་ཡུལ་ཐང་འཕར་ཆར་བཏང་འཛིན་བྱ་རྒྱུའི་ཁས་ལེན།
2011.03.05
༄༅༎དཀྱིལ་ཤར་ཡུལ་གྲུའི་ནང་སྲིད་དབང་གཅིག་སྡུད་པར་ངོ་རྒོལ་ལས་འགུལ་གཅིག་མཇུག་གཉིས་མཐུད་བྱུང་དང་འབྱུང་བཞིན་པར་བརྟེན། རྒྱ་ནག་གི་འགོ་ཁྲིད་ཚོས་ཡུལ་ནང་བརྟན་ལྷིང་དང་འཆམ་མཐུན་ཡོད་པའི་རྣམ་འགྱུར་བསྟན་པ་དང་ཆབས་ཅིག་ལྐོག་ཟ་རུལ་སུངས་དང་ཡུལ་ཐང་འཕར་ཆར་བཏང་འཛིན་བྱ་རྒྱུའི་ཁས་ལེན་བྱེད་བཞིན་པ་རེད། སྲིད་བློན་ལྦེན་ཅ་པའོ་ཡིས་དུས་ཡུན་ཆུ་ཚོད་གཉིས་ལྷག་རིང་ལས་དོན་སྙན་སེང་ཞུས་པའི་ནང་འདི་ལོའི་དངུལ་རྩིས་འཆར་གཞིའི་ནང་གཞུང་གྲོན་གཏོང་རྒྱུའི་དངུལ་འབོར་བརྒྱ་ཆ་༡༢དང་ཕྱེད་ཙམ་སྤར་ཆ་བྱ་རྒྱུ་ཡིནཔ་དང་། གཞུང་གྲོན་ཕོན་ཆེ་ཤེས་ཡོན་དང་། འཚོ་རྟེན་ལས་ཀ་ ཡོང་འབབ་དམའ་བའི་རིགས་ལ་སྡོད་ཁང་མཐུན་རྐྱེན་སྦྱོར་རྒྱུ། འཕྲོད་བསྟེན་དང་རྒས་ཕོགས་བཅས་ལ་འགྲོ་གྲོན་སྤར་ཆ་བྱས་ཡོད་ལུགས་གསུངས་འདུག མི་མང་གི་འཚོ་བ་ཡར་རྒྱས་གཏོང་རྒྱུ་ནི། སྤྱི་ཚོགས་བརྟན་ལྷིང་དང་འཆམ་མཐུན་གྱི་རྩ་བ་ཡིན་པར་སྲིད་བློན་ལྦེན་ཅ་པའོ་ཡིས་ལན་གཅིག་མིན་པར་ལན་མང་གསུངས་ཡོད་པ་རེད། གཞི་རྩའི་རྒྱ་ནག་ཁྱོན་ཡོངས་ནང་སྔར་ལོ་ངོ་རྒོལ་ཆུང་ངུ་བསྡོམས་ཆིག་འབུམ་བརྒྱད་ཁྲི་ཙམ་བྱུང་ཡོད་ཅིང་། ཡུལ་ཐང་འཕར་བའི་དཀའ་ངལ་ཆེ་རུ་འགྲོ་བཞིནཔ་ལྟར་ངོ་རྒོལ་བྱེད་མཁན་ཡང་ཇེ་མང་དུ་འགྲོ་བཞིན་པ་རེད། རྒྱ་ནག་མི་མང་གིས་མང་གཙོ་དོན་དུ་གཉེར་ནས་ངོ་རྒོལ་ད་ལྟའི་ཆར་བྱེད་ཀྱི་མེད་ཀྱང་གཞུང་གིས་ལས་དོན་ཚགས་ཚུད་དང་འགན་ཁུར་ཆེ་རུ་གཏོང་དགོས་པ་ཟད། ལྐོག་ཟ་རུལ་སུངས་དང་དམ་དྲག་འོག་གནས་སྡོད་མེད་པའི་རྣམ་འགྱུར་ཕྱོགས་གང་ས་ནས་ཐོན་བཞིན་པ་རེད། ལྷག་པར་དུ་འདི་ལོ་རྒྱ་ནག་གཞུང་གི་ལོ་ལྔ་ཚན་གྱི་འཆར་འགོད་བྱེད་ཀྱི་ཡོད་སྟབས། དཔལ་འབྱོར་གྱི་རྒྱབ་བསྟེན་ཕྱིར་བཙོང་ཁོ་ནར་བསྟེན་པ་ནས་ཁ་ཕྱོགས་བསྒྱུར་ཏེ་རྒྱལ་ནང་ལོངས་སྤྱོད་ཐོག་ནས་རྒྱ་ནག་གི་ཐོན་སྐྱེད་རྒྱ་ནག་ནང་ཚོང་བསྒྱུར་ཡོང་ཐབས་ལ་འབད་བརྩོན་བྱེད་དགོས་པའི་སྐོར་སྲིད་བློན་གྱིས་ནན་བཤད་གནང་འདུག།