རྒྱ་གཞུང་གིས་པོ་ཞི་ལའེ་ཡི་ཚབ་བསྐོ་བཞག་བྱས་ཡོད་པ།
2012.03.23
༄༅༎ཉེ་བའི་ཆར་རྒྱ་ནག་གྲུང་ཆིང་ས་གནས་ཀྱི་དཔོན་རིགས་གནས་དབྱུངས་བཏང་བའི་གནད་དོན་དེ་བཞིན་རྒྱལ་ཁབ་ཕྱི་ནང་ཚང་མས་དོ་སྣང་དང་གླེང་སློང་བྱེད་ས་ཞིག་ཆགས་པའི་རྗེས་། དེ་རིང་གཟའ་པ་སངས་ཉིན་གྲུང་ཆིང་ས་གནས་མི་མང་འཐུས་མི་ཚོགས་ཆེན་གྱིས། ཉེ་ཆར་གྲན་ཏུ་ས་གནང་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་དུ་སྐྱབས་བཅོལ་ཞུ་བར་བསྐྱོད་པའི་དོགས་གཞིའི་འོག་འཇུ་བཟུང་བྱས་པའི་གྲུང་ཆིང་གྲོང་ཁྱེར་སྤྱི་ཁྱབ་གཞོན་པ་དང་། ཉེན་རྟོག་ལས་ཁང་གི་དཔོན་རིགས་ལྦང་གླིད་ཅུན་གྱི་ཚབ་ཏུ། དེ་སྔོན་རྒྱ་ནག་དབུས་སྤྱི་བདེ་ལས་ཁང་གི་རྟགས་དཔྱད་ཚན་པའི་འགན་འཛིན་དང་། རྗེས་སུ་མཚོ་སྔོན་ཞིང་ཆེན་གྱི་དཔོན་རིགས་གཞོན་པའི་ལས་འགན་འཁྱེར་མྱོང་ཡོད་པ་ ཧའ་དིང་བསྐོ་བཞག་བྱས་ཡོད་པ་རེད། གྲུང་ཆིང་གྲོང་ཁྱེར་ཀྱི་སྤྱི་ཁྱབ་གཞོན་པ་ཝང་གླིད་ཅུན་ ཨ་རིའི་གཞུང་ཚབ་ནང་སྐྱབས་བཅོལ་ཞུ་བར་ཕྱིན་པའི་གནས་ཚུལ་ཐོན་པའི་རྗེས། གཞུང་ཕྱོགས་ནས་ཝང་གླིད་བཅུན་དོ་དམ་བཀག་ཉར་བྱས་པ་དང་འབྲེལ། རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་སྐབས་གྲུང་ཆིང་ས་གནས་ཀྱི་ཆེད་མཐོའི་དཔོན་རིགས་བོའོ་ཤིའི་ལལ་གྱི་གྲུང་ཆིང་ས་གནས་ཀྱི་དཔོན་རིགས་གོ་སྐབས་གནས་དབྱུངས་བཏང་ཡོད་ཅིང་། བོའོ་ཤིའི་ལལ་གྱིས་ཉེ་བའི་ལོ་ཤས་ནང་ གྲུང་ཆིང་ས་གནས་ནང་དམར་པོའི་ལམ་ལུགས་དང་མའོ་ཙེ་ཏུང་ལ་སྟོད་པའི་དམར་པོའི་གཞས་སོགས་གཏོང་རྒྱུ་དང་། དེ་བཞིན་ཁྲིམས་གལ་འཇགས་ཚོགས་པ་རྡུང་རྡེག་ཟེར་བའི་ལས་འགུལ་ཤུགས་ཆེ་སྤེལ་ནས། རྒྱ་ནག་གི་དབུལ་པོའི་མང་ཚོགས་དང་མའོ་ཙེ་ཏུང་གི་ལམ་ཕྱོགས་ལ་བསྐྱོད་མཁན་གྱི་ཤོག་ཁག་ཚོའི་རྒྱབ་སྐྱོར་ཐོབ་ནས། ད་ལོ་སྟོན་ཁ་ཚུགས་རྒྱུའི་རྒྱ་ནག་གུང་ཁྲན་ཚོགས་པའི་ཚོགས་ཆེན་བཅོ་བརྒྱད་སྐབས། རྒྱ་ནག་ཆབ་སྲིད་ལྷན་ཁང་གི་དཔོན་རིགས་དགུའི་གྲས་སུ་སླེབས་ཐབས་འབད་རྩོན་བྱས་ཡོད་ཀྱང་། དཔོན་རིགས་ཚོའི་ནང་ལམ་ཕྱོགས་གང་འདྲ་ཞིག་ཏུ་བསྐྱོད་མིན་དང་། དེ་བཞིན་དབང་ཆའི་འཐབ་རྩོད་རྣོ་ངར་ཅན་གྱི་འོག་བའོ་ཤིའི་ལལ་ རྒྱ་ནག་དབུས་ཆེད་མཐོའི་དཔོན་རིགས་ཀྱི་གྲས་སུ་ཚུད་རྒྱུར་རེ་བ་རྩ་བ་ནས་མེད་པར་གྱུར་ཡོད་པ་རེད།