རྒྱ་ནག་ནང་ཨེ་ཙི་ནད་པའི་དཀའ་ངལ།
2011.05.17
༄༅༎རྒྱ་ནག་ནང་ཨེ་ཙི་(AIDS)ནད་པ་ཚོར། སྨན་ཁང་ཁག་གིས་ཞེད་སྣང་བྱེད་པའམ་ཡང་ན་དོ་སྣང་མ་བྱས་པའི་ཐོག་ནས་ཁོང་ཚོར་མཐོང་ཆུང་ཁྱད་གསོད་བྱས་ཏེ་ནད་མནར་སྐབས་སྨན་བཅོས་མི་བྱེད་པའི་དཀའ་ངལ་ཐོག་ལྷུངས་བཞིན་ཡོད་པའི་སྐོར་ཞིབ་འཇུག་པས་གསུང་ཡོད་པ་རེད།
དེ་ཡང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངལ་རྩོལ་ཚན་པས་ཞིབ་འཇུག་གི་སྙན་ཐོ་ཞིག་བཏོན་པའི་ནང༌། འཛམ་གླིང་ནང་གི་མི་འབོར་མང་ཤོས་ཐེར་འབུམ་གཅིག་དང་གྲངས་ཆུང་༣༤ ཡོད་པའི་རྒྱ་ནག་རྒྱལ་ཁབ་ནང༌། ཨེ་ཙི་འགོས་ནད་དེའི་ནད་འབུ་ཨེཇ་ཨའེ་ལྦི་(HIV) འགོས་ཁྱབ་ཟིན་པའི་ནད་པ་བདུན་འབུམ་བཞི་ཁྲི་ཡོད་པ་དང༌། ཨེ་ཙི་ནད་པ་འབུམ་གཅིག་དང་ཁྲི་ལྔ་ཡོད་པ་ཕྱི་ལོ་༢༠༠༩ ལོར་རྒྱ་ནག་གཞུང་འབྲེལ་ཤིང་ཧ྄་གསར་ཤོག་ཐོག་བསྡོམས་འབོར་དེ་བཏོན་ཡོད་པ་ལུང་འདྲེན་གནང་སྟེ། ཨེ་ཙི་འགོས་ནད་དེ་ནི་ཕྱི་ལོ་༡༩༩༠་གོ་གྲངས་ནང་རྒྱ་ནག་གི་ཧ་ནན་ཞིང་ཆེན་ནང་གི་འཚོ་བ་སྐྱོ་བའི་གྲོང་གསེབ་པ་ཚོས་ཨེ་ཙི་འགོས་ནད་ཡོད་པའི་ཟུངས་ཁྲག་ཚོང་བ་བརྒྱུད་མི་སྟོང་ཕྲག་མང་པོར་ཨེ་ཙི་ནད་འབུ་འགོས་ཁྱབ་བྱུང་སྟེ་རྒྱ་ནག་དེ་ནི་ཨེ་ཙི་འགོས་ནད་ཀྱི་དཀའ་ངལ་ཆེ་ཤོས་སུ་གྱུར་ཡོད་པ་མ་ཟད། ད་དུང་ཡང་རྒྱ་ནག་ནང་དུ་ཕོ་མོ་གང་བྱུང་ལུས་འབྲེལ་བྱས་པའི་ཐོག་ནས་ཨེ་ཙི་འགོས་ནད་མུ་མཐུད་མི་གཅིག་ནས་གཅིག་ལ་འགོས་ཁྱབ་འགྲོ་གི་ཡོད་པ་གསུང་ཡོད་པ་རེད།
ཁོང་ཚོའི་ཞིབ་འཇུག་གི་སྙན་ཐོ་དེ་ནི། རྒྱ་ནག་ནང་དུ་ཨེ་ཙི་ཡི་ནད་འབུ་ཨེཇ་ཨའེ་ལྦི་འགོས་ཁྱབ་ཟིན་པའི་ནད་པ་༡༠༣ དང་འཕྲོད་བསྟེན་ལས་ཀ་བྱེད་མཁན་༢༣ ལ་འདྲི་བ་བྱས་པ་བརྒྱུད། ཨེ་ཙི་ནད་མནར་ཅན་ལ་སྨན་བཅོས་མི་ཐོབ་པ་མ་ཟད། འཕྲོད་བསྟེན་ལས་ཀ་བྱེད་མཁན་ཚོས་མཐོང་ཆུང་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་ཅིང༌། དེ་ཡང་ཨེ་ཙི་ནད་འབུ་འགོས་ཁྱབ་ཟིན་པའི་ནད་པ་ཞིག་གིས། གསར་འགོད་ལྷན་ཚོགས་ཐོག་ ཁོང་ལ་ཨེ་ཙི་ནད་འབུ་འགོས་ཁྱབ་ཡོད་པའི་ནད་ཡིག་ཏིའན་ཅིན་དང་པེ་ཅིང་སྨན་ཁང་དུ་ཡོད་པར་བརྟེན་ནས་སྨན་ཁང་ནས་ཁོང་གི་རྐེད་པའི་ནད་གཞིར་སྨན་བཅོས་མི་བྱེད་པའི་རྒྱུ་མཚན་དུ་ཤོད་ཀྱི་ཡོད་པ་དང༌། སྨན་ཁང་དེ་གཉིས་ནས་གཅིག་གིས། ནད་པ་མང་པོ་གཤག་བཅོས་་བྱེད་དགོས་སྟབས་གཞན་ལ་ཨེ་ཙི་ནད་འབུ་འགོས་ཁྱབ་འགྲོ་རྒྱུའི་ཉེན་ཁ་ཡོད་ཚུལ་བཤད་ལུགས་དང༌། ཡང་སྨན་ཁང་གཞན་དེས། ང་ཚོས་ཁྱེད་ཀྱི་དཀའ་ངལ་ལ་གདུང་སེམས་མཉམ་སྐྱེད་ཡོད་ཀྱང་ཁྱེད་རང་ལ་ཨེ་ཙི་ན་ཚ་ཡོད་པ་བརྟེན་ནས་གཤག་བཅོས་་བྱ་ཐུབ་ཀྱི་མ་རེད་བཤད་ཡོད་པ་འགྲེལ་བརྗོད་བྱས་ཡོད་པ་རེད།