རྒྱ་གཞུང་གིས་སི་རིའི་ཡར་དགག་པ་རྒྱག་ངོས་ལེན་མ་བྱས།

སི་རི་ཡའི་གཞུང་གིས་མི་མང་སྟོང་ཕྲག་མང་པོ་བསད་པའི་བྱ་སྤྱོད་ལ་སྐྱོན་བརྗོད་བྱ་རྒྱུ་རྒྱ་ནག་གིས་ངོས་ལེན་མ་བྱས།

2012.02.23

༄༅༎ རྒྱ་ནག་ནས་སི་རི་ཡའི་གཞུང་གི་བྱ་སྤྱོད་ལ་དགག་ཆ་རྒྱག་རྒྱུར་མོས་མཐུན་བྱེད་ཀྱི་མེད་པའི་གནས་ཚུལ་འདུག
སི་རི་ཡའི་གཞུང་ནས་ད་བར་ཟླ་བ་བཅུ་གཅིག་ཙམ་རིང་སོ་སོའི་མི་མང་གི་ཐོག་དྲག་གནོན་གྱི་ཐོག་ནས་རྒོལ་བརྡུང་གཏོང་བཞིན་པའི་བྱ་སྤྱོད་དེར་རྒྱལ་སྤྱིའི་རྒྱལ་ཁབ་མང་པོས་ངོ་རྒོལ་དང་། ཁོང་ཚོས་ཚོང་འབྲེལ་ཉེས་ཆད་བཀེལ་རྒྱུ་སོགས་ཀྱི་ལས་འགུལ་སྤེལ་རྩིས་བྱེད་ཀྱི་ཡོད་ཀྱང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཚོགས་ཀྱི་གཏན་འཇགས་ཚོགས་མིའི་ཁོངས་སུ་ཡོད་པའི་རྒྱ་ནག་དང་ར་ཤི་ཡ་གཉིས་ནས་མོས་མཐུན་བྱེད་ཀྱི་མེད་པ་རེད། རྒྱ་ནག་ནས་རྒྱལ་སྤྱིའི་རྒྱལ་ཁབ་ག་འདྲ་ཞིག་ཡིན་ནའི་ནང་ཁུལ་རྙོག་ཁྲའི་རིགས་ལ་ཕྱི་ཕྱོགས་ནས་ཐེ་བྱུས་བྱེད་རྒྱུར་ངོས་ལེན་མེད་ལུགས་བཤད་ནས་ནུབ་ཕྱོགས་རྒྱལ་ཁབ་ཚོས་ཐེ་བྱུས་ཆེ་དྲག་གི་ཡོད་པར་ཚུར་སྐྱོན་བརྗོད་བྱེད་ཀྱི་ཡོད་རེད། ལྷག་པར་དུ་རིང་མིན་སི་རི་ཡའི་ཐོག་ལངས་ཕྱོགས་འཛིན་སྟངས་དང་འབྲེལ་བའི་གནད་དོན་ཐོག་ནུབ་ཕྱོགས་དང་ཨ་རབ་རྒྱལ་ཁབ་ཁག་གི་ལྷན་ཚོགས་ཤིག་བསྐོངས་ཚོགས་གནང་གི་ཡོད་པ་དེའི་སྐབས་ར་ཤི་ཡས་མཉམ་ཞུགས་བྱེད་ཀྱི་མིན་ཞེས་གསལ་པོ་བརྡ་ལན་སྤྲད་ཡོད་ཀྱང་རྒྱ་ནག་ངོས་ནས་ད་ལྟའང་ཐེ་ཚོམ་ངང་ལན་གསལ་པོ་ཞིག་སྤྲད་མེད་པ་རེད། དེ་ཡང་ཨེ་ཨེཕ་པི་གསར་འགྱུར་བརྒྱུད་ལམ་ནང་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཧོང་ལེས། ཚོགས་འདུའི་ཐོག་མཉམ་ཞུགས་བྱེད་འཆར་ཡོད་མེད་གསར་འགོད་པས་འདྲི་བར། ད་ལྟའི་ཆར་ང་ཚོས་གནད་དོན་འདིའི་ཐོག་ཞིབ་མཇུག་བྱེད་བཞིན་ཡོད། གང་ལྟར་སི་རི་ཡའི་གནད་དོན་ཐོག་བཟང་ཕྱོགས་ཀྱི་གྲུབ་འབྲས་ཐོན་ཐབས་སུ་རྒྱ་ནག་ངོས་ནས་འགན་འཁྲི་ལེན་རྒྱུ་ཡིན་ཞེས་ལན་འདེབས་བྱེད་ཡོད་འདུག ཉིན་ཤས་གོང་རྒྱ་ནག་གི་ཉིན་རེའི་གསར་ཤོག་ནང་། གལ་སྲིད་ནུབ་ཕྱོགས་རྒྱལ་ཁབ་ཚོས་སི་རི་ཡའི་སྒེར་ལངས་ཤོག་ཁག་ཚོར་རྒྱབ་སྐྱོར་བྱེད་པ་ཡིན་ན་ཡུལ་ནང་། ནང་ཁུལ་དམག་འཁྲུགས་ཆེན་པོ་ཡོང་རྒྱུ་ཡིན་ལུགས་ཉེན་བརྡའི་ཚུལ་དུ་བརྡ་ཤིག་སྤྲད་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎