བོད་རྒྱའི་སྐུ་ཚབ་བར་སླར་ཡང་མཇལ་མོལ་ཆེད་མོས་མཐུན་བྱུང་བ།
2008.05.06
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་
བསལ་སྐུ་ཚབ་རྣམ་གཉིས་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པའི་སྐུ་ཚབ་མི་སྣ་དང་མཇལ་འཕྲད་
གྲོས་མོལ་གནང་རྗེས་ དེ་རིང་གཟའ་མིག་དམར་ཉིན་རྒྱ་ནག་ནས་ཕེབས་ཐོན་གྱིས་ཧོང་ཀོང་དུ་
ཕེབས་འབྱོར་ཟིན་ཡོད་ཅིང་ རྒྱ་ནག་གཞུང་ཕྱོགས་ནས་སྐུ་ཚབ་རྣམ་པ་དང་སླར་ཡང་མཇལ་འཕྲད་
མུ་མཐུད་གནང་རྒྱུར་མོས་མཐུན་བྱུང་ཡོད་འདུག ཧོང་ཀོང་གི་གནམ་ཐང་དུ་ཕེབས་སྐབས་གསར་
འགོད་པ་ཚོར་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་
རྒྱལ་མཚན་མཆོག་གིས་ འདི་ནི་མདུན་བསྐྱོད་ཀྱི་གོམ་པ་ཆུང་ངུ་ཞིག་རེད་ཅེས་དང་ ང་ཚོ་ཕན་ཚུན་
ལྷུགས་པོ་ཞེ་དྲག་བྱུང་བ་མ་ཟད་ གྲོས་མོལ་ཀྱང་ཧ་ཅང་ལྷུགས་པོ་བྱུང་ཞེས་གསུངས་འདུག སྐུ་ཚབ་རྣམ་གཉིས་ནས་ཐེངས་འདིའི་གྲོས་མོལ་སྐོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་སེང་
སྒྲོན་ཆེད་བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་ཞུ་རྒྱུ་ཡིན་པ་རེད་ ད་རེས་བོད་རྒྱའི་དབར་གྱི་
གྲོས་མོལ་དེ་གཟའ་ཉི་མའི་ཉིན་རྒྱ་ནག་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཧྲན་ཀྲས་གྲོང་ཁྱེར་དུ་ཧ་ཅང་གསང་རྒྱ་
དམ་པོའི་འོག་གནང་ཞིང་ གྲོས་མོལ་ཞུ་ཡུལ་གྱི་རྒྱ་ནག་གི་སྐུ་ཚབ་རྣམས་ནི་ དམིགས་བསལ་སྐུ་ཚབ་
རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང་ སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་རྣམ་གཉིས་ནས་ལོ་མང་
འབྲེལ་གཏུགས་ཞུས་པའི་མི་སྣ་ཡིན་སྟབས་ ཁོང་ཚོ་དང་སྒེར་གྱི་འབྲེལ་ལམ་བཟང་པོ་ཡོད་པ་དེ་ནི་
ག་དུས་ཡིན་ཡང་ཕན་ཐོགས་ཡོད་པ་ཞིག་ཡིན་པ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་གསལ་བཤད་
གནང་འདུག དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ་མཆོག་གིས་ རྒྱ་ནག་གི་འབྲེལ་ཡོད་ཚན་པའི་
མི་སྣ་དང་མཇལ་འཕྲད་རྗེས་མ་དེ་ག་དུས་གནང་མིན་ཐག་གཅོད་མ་གནང་གོང་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དགོངས་སྐོར་སྙན་སེང་ཞུ་རྒྱུ་ཡིན་པ་གསུངས་པ་དང་ རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་འགྱུར་ལས་ཁང་གིས་ཀྱང་ ཕྱོགས་གཉིས་དབར་སླར་ཡང་
མཇལ་འཕྲད་གྲོས་མོལ་གནང་རྒྱུར་མོས་མཐུན་བྱུང་ལུགས་ཀྱི་གནས་ཚུལ་བཀོད་སྤེལ་བྱས་ཡོད་པ་རེད།