བོད་ནང་ཡུལ་བསྐོར་སྤྲོ་འཆམ་པ་མང་བ་ཡོང་ཐུབ་པའི་འབད་བརྩོན།
2009.01.05
༄༅༎རྒྱ་གཞུང་གིས་འདི་ལོ་བོད་ནང་ཡུལ་བསྐོར་སྤྲོ་འཆམ་པ་ས་ཡ་གསུམ་ཡོང་ཐུབ་པ་བཟོ་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་པའི་སྐོར་གཞུང་འབྲེལ་ཤིན་ཧ་གསར་འགྱུར་ལས་ཁང་གིས་གནས་ཚུལ་བཏོན་ཡོད་པ་རེད། རྒྱ་གཞུང་གིས་བོད་ནང་ཡོང་མཁན་ཡུལ་བསྐོར་སྤྲོ་འཆམ་པའི་དམིགས་ཚད་དེ་སྔ་ལོ་ཡུལ་བསྐོར་སྤྲོ་འཆམ་པ་ཡོང་མཁན་གྲངས་ས་ཡ་གཉིས་དང་གྲངས་ཆུང་གཉིས་བྱུང་བ་དེ་ལས་མང་བ་ཆགས་ཀྱི་ཡོད་ནའང་ཕྱི་ལོ་༢༠༠༧ལོར་ས་ཡ་བཞི་བྱུང་བ་དེ་ལས་ཉུང་བ་ཆགས་ཀྱི་ཡོད་པ་རེད། སྔ་ལོ་ཕྱི་ཟླ་གསུམ་པའི་ཚེས་བཅུ་ཉིན་འགོ་བཙུགས་བྱུང་བའི་བོད་ནང་ཞི་རྒོལ་བྱུང་བར་བརྟེན་རྒྱ་གཞུང་གིས་བོད་ནང་ཡོད་པའི་ཡུལ་བསྐོར་སྤྲོ་འཆམ་པ་རྣམས་ཕྱིར་འབུད་བྱས་ཡོད་ཅིང་དེ་རྗེས་ཟླ་ངོ་གསུམ་རྗེས་གཞུང་ཕྱོགས་ནས་ཕྱི་རྒྱལ་གྱི་ཡུལ་བསྐོར་སྤྲོ་འཆམ་པ་རྣམས་བོད་ནང་བསྐྱོད་ཆོག་པ་བཟོས་ཡོད་པ་རེད། ད་ཐེངས་རྒྱ་གཞུང་གིས་བོད་ནང་ཡུལ་བསྐོད་སྤྲོ་འཆམ་པ་ས་ཡ་གསུམ་ཡོང་ཐུབ་པ་བྱ་རྒྱུའི་ཆེད་ཡུལ་བསྐོར་སྤྲོ་འཆམ་ལས་དོན་སྤེལ་མཁན་ཚོར་དངུལ་རྔན་སྤྲོད་རྒྱུའི་མཚོན་ཁྱབ་བསྒྲགས་ཀྱི་ལས་དོན་རྒྱ་ཆེན་པོ་སྤེལ་རྒྱུ་ཡིན་པ་རེད། ཡང་རྒྱ་གཞུང་གི་ཤིན་ཧ་གསར་འགྱུར་ལས་ཁང་གིས་གནས་ཚུལ་མུ་མཐུད་སྤེལ་དོན་ལ་གཞིགས་ན་གཞུང་ཕྱོགས་ནས་གོང་ཞུས་ཀྱི་ལས་དོན་དེ་སྤེལ་རྒྱུའི་དམིགས་ཡུལ་ནི་བོད་དེ་སྲུང་སྐྱོབས་ལྡན་ཞིང་དཔལ་ཡོན་ཡོད་པ་དང་དཀའ་རྙོག་མེད་པའི་མངའ་ཁུལ་ཞིག་ཡིན་པའི་མཐོང་ཕྱོགས་དེ་སླར་གསོ་བྱ་རྒྱུའི་ཆེད་ཡིན་སྐོར་གནས་ཚུལ་སྤེལ་ཡོད་པ་རེད༎