རྒྱ་གར་དང་རྒྱ་ནག་གི་ཚོང་འབྲེལ་རྒྱ་བསྐྱེད་གཏོང་འཆར།
2010.12.16
༄༅༎རྒྱ་ནག་གི་སྲིད་བློན་མཆོག་འདི་ཚེས་བཅོ་ལྔ་ཉིན་རྒྱ་གར་ནང་འཚམས་འདྲི་གཟིགས་བསྐོར་ཕེབས་ཡོད་པ་དང་ཡུལ་གཉིས་ཀྱི་སྲིད་བློན་རྣམ་གཉིས་ད་རིང་མཇལ་འཕྲད་གནང་བའི་རྗེས་སུ་ཐུན་མོང་གི་གསར་འགོད་ལྷན་ཚོགས་ཤིག་ཐོག་སྤྱི་བསྒྲགས་སྤེལ་བའི་ནང་། རྒྱ་དཀར་ནག་གཉིས་ཀར་ཡར་རྒྱས་གཏོང་ཡུལ་ཡོད་རེད་ལ་ཡུལ་གཉིས་དབར་ཟུང་འབྲེལ་གྱི་ཐོག་ནས་ཀྱང་ཡར་རྒྱས་གཏོང་ཆོག་གི་རེད་ཅེས་གསུངས་ནས་གང་ལྟར་མཇལ་འཕྲད་འདི་བརྒྱུད་མ་འོངས་ཕྱི་ལོ་༢༠༡༥བར་ད་ལྟའི་ཚོང་འབྲེལ་ལས་ལྡབ་གཅིག་ཙམ་སྤར་ཆ་བྱེད་ཐུབ་པ་བྱེད་རྒྱུའི་གྲོས་མཐུན་བྱུང་ཡོད་འདུག ད་ལྟའི་ཆར་ཡུལ་གཉིས་ཀྱི་ཚོང་འབྲེལ་དྲོ་ལར་ཐེར་འབུམ་བཞི་བཅུ་ལྷག་ཙམ་བྱེད་ཀྱི་ཡོད་པ་རེད། ད་རེས་རྒྱ་ནག་གི་སྲིད་བློན་མཉམ་ཚོང་དོན་ཚན་པའི་མི་སྣ་བཞི་བརྒྱ་ཙམ་ཡང་ཡོད་པ་དང་། གྲོས་མོལ་བརྒྱུད་ཡུལ་གཉིས་དབར་དཔལ་འབྱོར་དང་ནུས་ཤུགས་ཀྱི་ཐོག་དྲོ་ལར་ཐེར་འབུམ་བཅུ་དྲུག་ཙམ་གྱི་ཚོང་འབྲེལ་བྱེད་རྒྱུའི་མོས་མཐུན་བྱུང་ཡོད་པ་རེད། རྩ་བའི་ཡུལ་གཉིས་དབར་ཚོང་འབྲེལ་གྱི་གནད་དོན་ཐོག་གྲོས་མོལ་གང་འཚམས་ཤིག་བཞག་ཐུབ་པ་བྱུང་ཡོད་ཀྱང་ལོ་མང་པོའི་རིང་དཀའ་རྙོག་སེལ་མ་ཐུབ་པའི་ས་མཚམས་ཀྱི་རྙོག་དྲ་དང་། དེ་བཞིན་རྒྱ་ནག་གཞུང་ནས་ཀ་ཤི་མིར་མངའ་ཁུལ་གྱི་མི་སྣ་ཚོར་རྒྱ་ནག་ནང་བསྐྱོད་ཆོག་པའི་ལྦི་ས་འམ་ཐོངས་མཆན་སྤྲོད་ཆོག། པ་ཀི་སི་ཏན་ལ་རྒྱ་ནག་ནས་མཐུན་འགྱུར་བྱེད་བཞིན་པའི་གནད་དོན། དེ་བཞིན་བོད་ནང་ཆུ་བོ་བྷར་མ་པུ་དར་རམ་ཡར་ཀླུང་གཙང་པོ་ཁ་ལོ་བསྒྱུར་ཐབས་སུ་ཆུ་རག་རྒྱབ་བཞིན་པར་རྒྱ་གར་གྱི་སེམས་འཚབ་བྱེད་ཀྱི་ཡོད་པའི་གནད་དོན་དེ་དག་གི་ཐོག་དམིགས་བསལ་དོན་འབྲས་སོན་པའི་བཀའ་མོལ་བྱུང་ཐུབ་མེད་པ་རེད། དེའི་ཐོག་རྒྱ་གར་གྱི་བདེ་སྲུང་ཚན་པའི་ཉམས་ཞིབ་པ་དང་རྒྱ་དཀར་ནག་འབྲེལ་བའི་ཐོག་མཁས་དབང་སྐུ་ཞབས་ལྦར་མ་ཅེ་ལ་ནིས། རྒྱ་གར་གཞུང་རིམ་པའི་ངོས་ནས་རྒྱ་ནག་མཉམ་བསྟུན་མཁས་ཞེ་དྲག་བྱས་ཡོད་རེད། ཡིན་ནའང་ད་བར་དེར་དོན་འབྲས་སོན་པ་ཞིག་བྱུང་མེད་པ་རེད། དེ་ལས་ལྡོག་ཏེ་རྒྱ་ནག་ངོས་ནས་དུས་ཚོད་ནམ་བྱུང་ལ་རྒྱ་གར་ལ་ཚུར་རྒོལ་དང་བསུན་བཙིར་བཟོ་གི་ཡོད་རེད་ཅེས་གསུངས་འདུག