རྒྱ་ནག་དང་པ་ཀི་སི་ཐན་བར་ཚོང་དོན་མཉམ་ལས་ཀྱི་གྲོས་མཐུན།
2010.12.18
༄༅༎རྒྱ་ནག་གི་སྲིད་བློན་ལྦུན་ཅ་པའོ་ཡིས་པ་ཀི་སི་ཐན་ནམ་ཡང་བློས་གཏོང་བྱ་རྒྱུ་མིན་ལུགས་གསུངས་པ་མ་ཟད། ཡུལ་གཉིས་དབར་ཨ་སྒོར་ཐེར་འབུམ་སུམ་ཅུ་སོ་ལྔ་ཙམ་གྱི་ཚོང་འབྲེལ་ཆིངས་དོན་འཇོག་ཐུབ་ཡོད་པ་རེད། རྒྱ་ནག་གི་སྲིད་བློན་གྱི་གཞུང་དོན་ཕྱོགས་ཕེབས་གནང་ཡུལ་ཁག་ཏུ་སྲུང་བྱ་ཤིན་ཏུ་དམ་པོ་ཡོད་ཅིང་། རེས་གཟའ་སྤེན་པའི་ཉིན་སྲུང་བྱའི་ལས་དོན་ལ་དམིགས་ཏེ་སློབ་གྲ་སོགས་གཞུང་གི་ལས་ཁུངས་ཡོངས་རྫོགས་གུང་སེང་བཏང་ཡོད་པ་རེད།
རྒྱ་ནག་གཞུང་གིས་པ་ཀི་སི་ཐན་ནང་རླུང་ཤུགས་དང་ཉི་འོད་ཀྱི་ཤུགས་ལས་གློག་ཤུགས་མཁོ་འདོན་གྱི་ལས་གཞི་གཙོ་འགྱུར་གྱི་ཆིངས་དོན་ཁག་བཅོ་བརྒྱད་ལ་ས་རྟགས་བཀོད་ཡོད་པ་རེད། པ་ཀི་སི་ཐན་ནང་གློག་ཤུགས་དགོས་མཁོ་བརྒྱ་ཆ་བརྒྱད་ཅུ་ཙམ་ལས་མཁོ་འདོན་ཐུབ་ཀྱི་མེད་པ་རེད།
རྒྱ་ནག་གི་སྲིད་བློན་ལྦུན་ཅ་པའོ་ལ་གསོལ་སྟོན་ཞིག་བཤམས་པའི་སྐབས་གསུང་བཤད་གནང་བའི་སྙིང་པོ་ནི། རྒྱ་ནག་དང་པ་ཀི་སི་ཐན་གཉིས་དབར་བློ་བརྟན་འགྱུར་མེད་ཀྱི་མཛའ་གྲོགས་བསྲ་བརྟན་གནས་ཡོད་པ་དང་། མཛའ་འབྲེལ་རྒྱུན་གནས་བྱ་རྒྱུར་ཁས་ལེན་བརྟན་པོ་ཡོད་ལུགས་གཏམ་བཤད་གནང་འདུག ལྷག་པར་དུ་འདི་ལོ་པ་ཀི་སི་ཐན་ནང་ཆུ་ལོག་གོད་ཆགས་ཀྱིས་ཡུལ་མི་ས་ཡ་ཉི་ཤུ་རྩ་གཅིག་ཙམ་ལ་དོ་ཕོག་བྱུང་བ་རྣམས་ལ་རྒྱུན་གནས་ཐུབ་པའི་དཔལ་འབྱོར་སླར་གསོ་བྱ་རྒྱུར་རྒྱ་ནག་གི་སྲིད་བློན་ཝུན་ཅ་པའོ་ཡིས་ཁས་ལེན་གནང་འདུག
སྲིད་བློན་ལྦུན་ཅཔའོ་ཡིས་རྒྱ་ནག་དང་པ་ཀི་སི་ཐན་གཉིས་མཛའ་འབྲེལ་མཚོན་ཆེད་ཀྱི་རིག་གཞུང་ལྟེ་གནས་ཁང་གསར་རྒྱག་ལེགས་གྲུབ་བྱུང་བ་དབུ་འབྱེད་གནང་བ་དང་། དེ་རྗེས་པ་ཀི་སི་ཐན་གྱི་ཕྱོགས་འགལ་ཚོིགས་པའི་འགོ་ཁྲིད་ན་ལྦཛ་ཤ་རིཕ་དང་མཇལ་འཕྲད་གནང་འདུག པ་ཀི་སི་ཐན་གྱི་སྲིད་འཛིན་ཨ་སིཕ་ཨ་ལི་ཛར་རྡ་རི་ཡིས་རྒྱ་ནག་གི་སྲིད་བློན་ལྦུན་ཅཔའོ་ལ་གསོལ་སྟོན་བཤམས་འདུག རྒྱ་ནག་གི་སྲིད་བློན་ལྦུན་ཅཔའོ་ཡིས་རེས་གཟའ་ཉི་མའི་སྔ་དྲོ་གྲོས་ཚོགས་གོང་འོག་གི་འཐུས་མིར་གསུང་བཤད་གྲུབ་རྗེས་རང་ཡུལ་དུ་ཕྱིར་ཕེབས་གནང་རྒྱུ་ཡིན་པ་རེད།།